-
དྲི་བ། ༡ ཐོག་མར་སྤོ་བོ་ལགས་ཀྱི་སྐྱེ་ཡུལ་དང་། སྐྱེ་ལོ། ཁྱིམ་ཚང་བཅས་ནས་མགོ་བཙུགས་ཏེ་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤིག་གསུང་རོགས།
ལན་: བུ་ལགས། འོ་ལགས་སོ། དང་པོ་ང་ལྷ་ས་ལ་སློབ་གྲྭར་བསྡད་པ་རེད། ཐལ་འབུར་སྒང་གི་ལྟག་དེར་བྱ་ཕོ་ཁང་གསར་ཟེར་བའི་སློབ་གྲྭ་ཞིག་ཡོད་པ་དེ་ལ་བསྡད་པ་རེད། ངའི་པ་ལགས་ལྷ་ས་ལ་ཁ་མཆུ་རྒྱག་ཏུ་ཕེབས་ཀྱི་རེད། དེའི་སྐབས་པ་ལགས་ལ་ཟུར་དུ་སྐྱེས་དམན་ཞིག་ཡོད་རེད། ཞིང་སར་ནང་ཟེར་གྱི་རེད། སྐུ་ངོས་རྟ་ར་ལགས་ཟེར་བ་དེའི་གཟིམ་ཤག་རེད། ཞིང་སར་ཟེར་བ་དེ་ཁ་ག་རྟ་ར་ལགས་ཀྱི་ཁང་པ་རེད། དེ་ལ་པ་ལགས་ཀྱི་དགའ་བོ་སྐྱེས་དམན་དེ་བསྡད་ཡོད་རེད། མཚམས་མཚམས་ང་དེའི་རྩར་བསྡད་པ་དང་། དེ་མིན་ཀླུ་ཁང་རྩར་བསྡད་པ་ཡིན། ཀླུ་ཁང་ང་ཚོ་བོད་རང་ནས་སྤུན་མཆེད་རེད། ང་ཀླུ་ཁང་གི་ཚ་བོ་འགྲོ་གི་ཡོད་རེད། འོ་དེ་འདྲ་བྱས་ནས་ལྷ་སར་སློབ་གྲྭ་བསྡད[པ་ཡིན]། ལོ་ཁམས་དེ་ཏན་ཏན་ང་ལ་བཤད་ཡས་མི་འདུག ང་སློབ་གྲྭ་ཐོན་པའི་བཟོ་འདྲ་བྱས་ནས་ལྷ་ས་ནས་ཚུར་ནང་ལ་བསླེབས་རེད། ནང་ལ་བསླེབས་ནས་སྤེ་དེ་ལ་སྦྲག་དྲུང་བྱས་ནས་བསྡད་པ་ཡིན། ལྷ་ས་ནས་ཆུ་ཤུལ་ལ་ཡི་གེ་སྐྱེལ་གྱི་རེད། ཡི་གི་སྐྱེལ་མཁན་ལ་ས་ཚུགས་མ་ལེ( Mile)ལྔ་དང་ཕྱེད་ཀ་ཕྱེད་ཀ་ལ་སྦྲག་ཁང་བཙུགས་ཡོད་རེད། ང་དེའི་སྦྲག་དྲུང་བྱས་ནས་བསྡད་པ་རེད། སྦྲག་པ་དེ་ལྷ་ས་ནས་གཞིས་ཀ་རྩེ་དང་རྒྱལ་རྩེ་ལ་ཡི་གེ་སྐྱེལ་བར་འགྲོ་གི་རེད། ང་དེར་སྦྲག་དྲུང་བྱས་ནས་བསྡད་པ་ཡིན། དེ་ནས་ངའི་ལོ་རྒྱུས་སྒང་ལ་ཞུ་ཡས་གལ་མི་འདུག ང་ལྷ་ས་ལ་སློབ་གྲར་སྡོད་པའི་སྐབས། རྒྱག་རེས་ལ་རྒོད་པོ་ཡོད། སློབ་གྲྭ་དེ་སོ་ནམ་ཁུངས་ཀྱི་དྲུང་ཡིག་ལགས་ནས་བཙུགས་པ་རེད། དེའི་རྩིག་[པ]ཆར་སྣང་རེད། ཆར་སྣང་ཟེར་ན་རྩྭ་འདི་ལྟར་བསླངས་(སྤོ་བོ་ལགས་ཀྱིས་རྩྭ་ཡར་སློང་བའི་ཚུགས་ག་ཞིག་བསྟན)ནས་བཞག་པ་ལས་པ་ཅོག་རྒྱག་ཡས་ཡོད་མ་རེད། དེ་ལ་ཆར་སྣང་ཟེར་གྱི་རེད། དེ་བོད་ཡིག་ཡག་པོ་ཡོད་ཙང་སློབ་གྲྭ་བཙུགས་པ་རེད། བོད་གཞུང་གི་སློབ་གྲྭ་ཡོད་མ་རེད། དེ་སྒེར་པའི་སློབ་གྲྭ་རེད། དེ་མིན་ཉག་རོང་ཤག་དང་གོར་ཥ་སློབ་ཡོད་རེད། ང་དེར་བསྡད་དེ་རྒྱག་རེས་རྒོད་པོ་ཡོད། ང་ལྷ་ས་ནས་ཕར་ནང་ལ་བསླེབས་པ་དང་། བསླེབས་ཚར་ནས་ཆུ་བཞི་སྒང་དྲུག་མགོ་བཙུགས་པ་རེད། དེ་ནས་ཆུ་བཞི་སྒང་དྲུག་སྤེ་དེ་ལ་ཚུགས་ནས་སྤེ་དེ་ལ་ཕེབས་པ་རེད། ང་དེའི་ཁུངས་གཏོགས་ལ་ཡོང་ནས་ག་བ་བུ་བཀྲ་ཡ་ཟེར་བ་དེའི་ཕྱོགས་ཁར་ཡོང་བ་རེད། ང་བོད་ལ་སློབ་གྲྭ་འགྲིམས་པས་བརྒྱ་ཤོག་གཅིག་གི་དྲུང་ཡིག་བྱས་པ་རེད། ཁམས་ནས་ཕེབས་མཁན་དེ་ཚོ་ཡི་གེ་ཤེས་མཁན་ཞེ་དྲག་མི་འདུག ང་དྲུང་ཡིག་བྱས་ནས་ཡར་མར་འདིར་ཤོག་དང་འདིར་ཕར་འགྲོ་ཟེར་ནས་ཡི་གེ་འབྲི་མཁན་རེད། ང་འདིར་བསླེབས་ཡོད་དང་ཁྱོད་རང་འདིར་ཤོག་ཟེར་ཕར་ཚུར་ཆུ་བཞི་སྒང་དྲུག་ས་མཚམས་ག་བ་ག་བ་ཡོད་མེད་ཡི་གེ་སྐྱེལ་བར་གཏོང་གི་རེད། འོ་དེ་འདྲའི་ལས་ཀ་བྱས་ནས་བསྡད་ཡིན། དེ་ནས་ང་བོད་ནས་ཚུར་བསླེབས་ནས་སྦག་ས་ཟེར་བ་དེར་བསླེབས་ཡིན། གཏེར་ལུང་ཟེར་བ་དེར་ཏོག་ཙམ་འཛིངས་ཡིན། དོ་བོ་རྫོང་ཟེར་བ་དེར་ཏོག་ཙམ་འཛིངས་ཡིན། དེ་ལ་ང་ཚོ་བོད་པ་ཁ་ཤས་ཤོར་རེད། ང་ཚོ་གཏེར་ལུང་ནས་ཡོང་བ་རེད། ངའི་མི་ཚང་མིང་ལ་སྤེ་དེ་བཀྲས་ཁང་ཟེར་གྱི་རེད། སྤེ་དེ་ཟེར་བ་ལུང་པའི་མིང་རེད། གཙང་གམ་པ་ལ་ཚུར་བརྒྱབ་ནས་ཡོང་ན་སྤེ་དེ་ཟེར་གྱི་རེད། དེ་ལ་སྤེ་དེ་བཀྲས་ཁང་ཟེར་གྱི་རེད། ཀླུ་ཁང་ཟེར་བ་དེ་ང་ཚོའི་སྤུན་མཆེད་རེད། སྤུན་མཆེད་གསར་པ་མ་ཡིན་པར་བོད་རང་ནས་སྤུན་མཆེད་ཡིན། ང་ཀླུ་ཁང་གི་ཚ་བོ་རེད། འོ་དེ་འདྲ་ཡིན། ཨི་ནི་ངའི་སྤུན་མཆེད་གཅིག་དེ་སེ་ར་ད་ལྟ་སེ་ར་བྱེས་ཀྱི་ཕྱག་མཛོད་རེད།
ཕ་ནས་ཚུར་དང་པོ་སྦག་ས་ལ་བསླེབས་པ་རེད། སྦག་ས་ལ་དགེ་འདུན་ཆིག་སྟོང་ལྔ་བརྒྱ་ལས་ཞུགས་ཆོག་གི་མེད། དེ་བྱིངས་སྒང་ག་ལམ་ཁ་བཟོ་ལ་འགྲོ་དགོས་རེད་ཟེར་བ་རེད། དེའི་སྐབས་ལ་ཕྲུ་གུ་ཡིན་པས་གང་ཡང་ཤེས་གི་ཡོད་མ་རེད། རྒྱ་གར་གྱིས་ལམ་ཁ་བཟོ་བར་བཏང་ན་ང་ལས་ཀ་བྱེད་དུ་འགྲོ་གི་མིན་ལབས་ཡིན། ཕ་མའི་བཀའ་དྲིན་ལ་སོ་སོས་ཡི་གེ་ཡག་པོ་ཤེས་ཙང་། སྐུ་གཞོགས་ཆིག་སྟོང་ལྔ་བརྒྱ་ལ་ཕོགས་རྒྱག་མཁན་གྱི་ཕོག་དཔོན་ལ་བཞག་སོང་། དེ་ནས་གང་འཚམ་ས་ནས་ད་ཁྱོད་རང་སློབ་སྦྱོང་གང་བསླབ་བམ། སློབ་སྦྱོང་ལ་ཐོ་རྒྱག་དགོས་རེད་ཟེར། ཨི་ནི་ང་སློབ་སྦྱོང་ལ་ཐོ་རྒྱག་གི་ཡིན། ང་མོ་ཊ་གཏོང་ཚུལ་བསླབ་རྒྱུ་ཡིན་ཞེས་ལབས་པ་ཡིན། དེའི་སྐབས་ལ་ཕྲུ་གུ་རང་རེད། ཅི་ཡང་ཤེས་ཀྱི་མ་རེད། བོད་ནས་ཚུར་ཡོང་དུས་ལོ་བཅོ་བརྒྱད་ཡིན། མོ་ཊ་གཏོང་བར་ཐོ་བརྒྱབ་ནས་རྒྱ་གར་མངའ་སྡེ་གྷོ་ཇི་ར་ཏི་ཡི་ཨམ་དྷ་བྷ་ཏི་ལ་བཏང་སོང་། རྒྱ་གར་དབུས་གཞུང་གིས་མངའ་སྡེ་རེ་ལ་Small Scale Industryཞེས་པའི་བཟོ་གྲྭ་རེ་བཙུགས་ཡོད། རྒྱ་གར་གཞུང་གི་ཐོག་ནས་སློབ་སྦྱོང་བསླབ་པར་དེ་ལ་གཏོང་གི་རེད། བཟོ་གྲྭ་ཆུང་ཆུང་ཞིག་ཡོད་རེད། དེ་ལ་ལོ་གཅིག་དང་ཟླ་གཉིས་ལ་སློབ་སྦྱོང་བྱས་ནས་བསྡད་ཡིན། དེ་ནས་ཚུར་ཡོང་ནས་མཱ་སོར་གཞིས་ཆགས་[སྦེལ་ཀོབ]ལ་བཏང་སོང་། དྲུག་ཅུ་ཐམ་པའི་ལོ་རེད། མཱ་སོར་གཞིས་ཆགས་ནང་ངས་སློབ་སྦྱོང་ཤེས་ཙང་གཞིས་གྲོང་དང་པོ་ལ་ཆུ་གཏོང་མཁན་ཞིག་དགོས་འདུག་ཟེར། ང་གཞིས་གྲོང་གསུམ་པ་ལ་བསླེབས་ཚར་བ་རེད། ཐོག་མར་གཞིས་གྲོང་གསུམ་པ་འདི་རང་ལ་བཏང་སོང་། དེའི་སྐབས་ལ་སྐུ་ངོ་བྱམས་པ་དོན་འགྲུབ་ཟེར་མཁན་ཞིག་དང་། ཡེ་ཤེས་མཚོ་རྒྱན་ལགས་ཟེར་མཁན་ཞིག་རེད། ང་ཚོ་བོད་ཀྱི་སྐུ་དྲག་རེད། རྩེ་དྲུང་རེད། ཁོ་ཚོས་ང་བོད་ནས་ངོ་ཤེས་ཀྱི་ཡོད་རེད། ཆུ་གཏོང་མཁན་ཞིག་དགོས་འདུག་ཟེར་ནས་ང་བཏང་བ་རེད། ང་ཚོ་གྷོ་ཇི་ར་ཏི་ལ་སློབ་སྦྱོང་བྱེད་མཁན་བོད་པ་བཞི་ཡོད། ང་ཚོ་བཞི་གཞིས་གྲོང་གསུམ་པ་ལ་བསླེབས་པ་རེད། སྐུ་ངོ་བྱམས་པ་དོན་འགྲུབ་ལགས་དང་ཡི་ཤེས་མཚོ་རྒྱན་ལགས་གཉིས་གཞིས་གྲོང་དང་པོ་ལ་བཞུགས་ཡོད་རེད། ཁོ་ཚོས་ཆུ་གཏོང་ཤེས་མཁན་ཞིག་དགོས་འདུག་ཟེར་ནས་གཞིས་གྲོང་དང་པོར་བསྡད་པ་ཡིན། ང་ཚོ་གྷོ་ཇི་ར་ཏི་ལ་རྒྱུགས་འཕྲོད་པས། གཞུག་གུར་འདིར་རྒྱ་གར་གཞུང་གི་སྟངས་འཛིན་བྱེད་མཁན་dC?ཟེར་མཁན་ཞིག་ཡོད་རེད། དེའི་སྐུ་མདུན་ལ་ང་བཅར་བ་ཡིན། ངས་ཧིན་དྷི་ཐེབས་ཆག་ཤེས་ཀྱི་ཡོད་རེད། ཁྱེད་རང་ཚོས་རྒྱ་གར་རྒྱལ་ཡོངས་ག་བ་བཏང་ཡང་གཏོང་རོགས་བྱོས། འདིར་ཤིང་ནགས་མ་གཏོགས་མི་འདུག ང་ཚོས་སློབ་སྦྱོང་བསླབས་པ་འཕྲོ་བརླག་འགྲོ་གི་འདུག ག་བ་[ལ]བཏང་ན་ཡང་འགྲོ་གི་ཡིན་ལབས་པ་ཡིན། དེ་ནས་DCཟེར་མཁན་དེས་ཨེ་སི་ཆམ?ལ་སྙན་ཞུ་བྲིས་ནས་སློབ་སྦྱོང་ག་ཚོད་ཤེས་འདུག་མེད་ལྟ་མཁནindo?སྐད་བཏང་སོང་། indo ནང་རྒྱུགས་འཕྲོད་པ་དང་། འཕྲོད་ནས་ཡར་རྒྱུག་ཟེར་གི་འདུག དེའི་སྐབས་ལ་ང་ཚོ་ཕྲུ་གུ་ཡིན་པ་སོང་ཙང་། ང་ཚོ་འགྲོ་གི་མིན། ག་རེ་བྱས་ནས་འགྲོ་དགོས་རེད་ལབས་པ་རེད། ང་ཚོས་གང་ཡང་ཤེས་ཀྱི་ཡོད་མ་རེད། into ཚར་ན་ཡར་སློག་དགོས་པ་ལས་འདིར་ཉར་ཡས་ཡོད་མ་རེད་ཟེར། རྗེས་སུ་ཡི་གེ་གཏོང་ཡོང་གི་རེད་ཟེར། ང་ཚོས་གང་ཡང་མ་ཤེས་ཙང་ཕར་ལ་བཀའ་བཏང་ནས་ཡི་གེ་མགྱོགས་པོ་ཐོངས་ཤོག་ལབས་པ་རེད། དེ་ནས་ཕྱི་ལོ ༡༩༦༢ ཕྱི་ཟླ ༦ ཚེས ༡ ལ་ཨེ་སི་ཆམ་ལ་ཤོག་ཅེས་སྐད་བཏང་སོང་། དྲུག་ཅུ་རེ་གཉིས་ལ་ལས་ཀར་ཚུད་སོང་། གཞིས་གྲོང་གཉིས་པ་ལ་བཀྲས་ཁང་སྐུ་ངོ་མཁན་ཆུང་ཟེར་མཁན་ཞིག་ཡོད་རེད། དེའང་རྩེ་དྲུང་རེད། དེའི་སྐུ་མདུན་ལ་ཡི་གེ་བསླེབས་པ་བཅར་འབུལ་ཞུས་ཡིན། ད་ནི་ལས་ཀ་རག་སོང་བས་དགོངས་པ་གནང་རོགས་ཞེས་ཞུས་པ་ཡིན། དེའི་སྐབས་ལ་ང་ཚོར་སྒོར་མོ ༨༥ དང DA སྒོར་མོ ༡༠ བཅས་ཁྱོན་སྡོམ་སྒོར་མོ ༩༥ དང་ལྷན་དུ་ཐད་ཀའི་བསྐོ་བཞག་ཡི་གེ་སྤྲད་སོང་། དེའི་སྐབས་ལ་སྐུ་ངོ་ཁོ་རང་ཚོར་སྒོར་མོ ༥༠ ལས་ཡོད་ས་མ་རེད། [ཁོང་གིས]"ཀྱེ་སྒོར་མོ ༩༥ རེད་འདུག ང་ཚོ་ལ་དེ་འདྲ་ཡོད་མ་རེད”གསུངས་དང་། "ཡ་འགྲིག་ག་འགྲིག་ག། ད་འགྲོ་ན་འགྲིག་ག”ཅེས་དགོངས་པ་གནང་སོང་། ཨི་ནི་ལས་ཀ་མུ་མཐུད་བྱས་ནས་བསྡད་པ་ཡིན། ངའི་རྒྱ་གར་གྱི་ལོ་རྒྱུས་དེ་འདྲ་ཡིན། -
དྲི་བ། ༢ སྤོ་ལགས་བོད་དུ་སྐྱེ་བའི་ལོ་དེ་ག་དུས་རེད།
ལན་: བུ་ལགས། ༡༩༣༩ ལོར་སྐྱེས་པ་རེད། ཚེས་པ་བཤད་ཡས་ཡོད་མ་རེད། ལོ་རྟགས་འབྲུག་དང་ཁམས་ལྕགས་རེད། བོད་ལ་ལྐུགས་པ་རེད་བ། ཚེས་པ་དང་ཆུ་ཚོད་དེ་འདྲ་ཡོད་མ་རེད། བོད་ལ་ཀླད་པ་ཡོད་མ་རེད་བ། ཀླད་པ་ལྗང་ཁུ་ཟེར་དགོས་རེད་བ། ད་ལྟ་ལོ ༨༠ བསླེབས་ཡོད། ༥༩ ལོར་བོད་ནས་ཡོང་དུས་ལོ་བཅོ་བརྒྱད་ཙམ་བསླེབས་ཡོད།
-
དྲི་བ། ༣ རྒྱ་མི་བོད་ལ་བཙན་འཛུལ་མ་བྱས་སྔོན་ལ་བོད་ག་འདྲ་ཞིག་ཡོད་པ་དེ་སྤོ་བོ་ལགས་ཀྱིས་དྲན་པ་ནང་བཞིན་ཞིག་བཤད་རོགས།
ལན་: བུ་ལགས། རྒྱ་མི་བོད་ལ་མ་ཡོང་སྔོན་ལ་བཤད་ན། ང་ཚོའི་རྒྱུད་པ་དེ་སྐུ་དྲག་གི་རྒྱུད་པ་རེད། ང་ཚོ་ལ་དཀའ་ངལ་གང་ཡང་ཡོད་མ་རེད། དཀའ་ངལ་ཡོད་མཁན་ཁ་ཤས་ཀྱིས་དཀའ་ངལ་ཡོད་པའི་ལོ་རྒྱུས་བཤད་ཀྱི་རེད། ང་ལ་ཕ་མའི་དཀའ་དྲིན་གྱིས་དཀའ་ངལ་གང་ཡང་ཡོད་མ་རེད། ཡིན་ན་ཡང་། བོད་དུ་ང་ཚོའི་ནང་ལ་གཡོག་པོ་ཡོད། དེ་ཚོར་ང་ཚོས་དཔེར་མི་སྲིད་པའི་ཡག་པོ་བྱས་པས། རྒྱ་མི་ཚུར་བསླེབས་ནས་གཡོག་པོ་ལ་ངོ་རྒོལ་བྱོས་ལབས་ཀྱང་ཁོ་ཚོས་ང་ཚོའི་པ་ལགས་དང་ཨ་མ་ལགས་ལ་ངོ་རྒོལ་བྱས་མི་འདུག རྒྱ་མིས་གཡོག་པོ་ཡར་ཐོག་ཁ་དང་ང་ཚོའི་པ་ལགས་དང་མ་ལགས་མར་བ་ཚང་ནང་བཞག་འདུག དེ་མ་གཏོགས་ངོ་རྒོལ་བྱས་མི་འདུག བོད་ལ་བོད་གཞུང་གི་སློབ་གྲྭ་ཟེར་བ་ཡོད་མ་རེད། སློབ་གྲྭ་ཁག་གསུམ་ཡོད་རེད། བྱ་པ་ཁང་གསར་ཟེར་བ་གཅིག་དང་། ཉག་རོང་ཤག གོར་ཥ་སློབ་གྲྭ་ཟེར་[ནས]སློབ་གྲྭ་ཁག་གསུམ་ཡོད་རེད། གོར་ཥ་སློབ་གྲྭ་ཟེར་བ་དེ་བལ་ཡུལ་ནས་ཡོང་བ་ཁོ་ཚོས་ཟུར་དུ་བཙུགས་པ་རེད། དེ་ཚོ་ལྷ་ས་ན་ཡོད་རེད། ཡར་ཙམ་མར་ཙམ་རེད། བོད་གཞུང་གི་སློབ་གྲྭ་དེ་རྩེ་ཕོ་བྲང་དམར་པོ་ལ་ཡོད་རེད། མཁའ་གྲུབ་པ། དེ་མ་གཏོགས་བོད་གཞུང་ལ་སློབ་གྲྭ་ཡོད་མ་རེེད། འོ་དེ་འདྲ་རེད། བོད་ཀྱི་གནས་སྟངས་འདྲ་བྱས་ན། རྒྱུ་ཆུང་བ་ནི་ཆུང་བ་རང་རེད། དམྱལ་ལ་སྙིང་རྗེ། དཀའ་ངལ་ཡོད་རེད། སྐུ་དྲག་ཚོས་ནོར་འཁྲུལ་ག་རེ་ཤོར་ཡོད་རེད་ཟེར་ན། ངས་ལོ་རྒྱུས་ཞུ་དགོས། ཕྱིའི་རྒྱལ་ཁབ་དང་འབྲེལ་བ་མ་བྱས་པ་དང་། གློག་འཛུགས་ཡས་དང་། ལམ་ཁ་བཟོ་ཡས་སོགས་མ་བྱས་ནས་རྫོང་ཀ་བཟུང་། གཞིས་ཀ་བཟུང་ནས་ཨ་རམ(ལྷོད་ལྷོད)བྱས་ནས་བཞུགས་རེད། ཡང་ཁག་ནི་ཁག་ཡོད་མ་རེད། ཨིན་ཇི་བསླབས་རེད། དེར་རང་སྐད་མི་ཤེས་མི་སྐད་ག་རེ་བྱས་ནས་སློབ་དགོས་ཟེར་ནས་སེར་འབྲས་དགེ་གསུམ་གྱིས་ངོ་རྒོལ་གནང་ཡོད་རེད། གཞན་སྐུ་དྲག་དེ་ཚོས་ཨིན་ཇི་སློབ་ཡས་བྱས་རེད། ༧རྒྱལ་བ་ཡིད་བཞིན་ནོར་བུས་ཨིན་ཇི་སློབ་ཡས་ལ་ཁོ་ཚོས་ངོ་རྒོལ་བྱས་ནས་ཨིན་ཇིའི་ཡི་གེ་དེ་ཚོ་རྩེ་ཕོ་བྲང་ནས་མར་ནོར་བུ་གླིང་ཁར་ཁྱེར་ནས་ང་ལ་ཏོག་ཙམ་ཕན་ཐོགས་སོང་གསུངས་སོང་ག འོ་དེ་རེད། འཛུགས་ཡས་བཙུགས་རེད། ཕྱིའི་རྒྱལ་ཁབ་ལ་འབྲེལ་བ་མ་བྱས་ནས་ནོར་འཁྲུལ་ཤོར་རེད། སྐུ་དྲག་གིས་བོད་བསྐྱལ་རེད་ཟེར་བ་དེ་ནོར་འཁྲུལ་རེད། སྐུ་དྲག་གིས་སྐྱེལ་སྙིང་བྲོ་གི་མ་རེད་བ། གཡོག་པོ་བཀོལ་ཡས་ཡོད་པ་དང་། ཟ་ཡས་ཡོད་པ། འཐུང་ཡས་ཡོད་པ་དེ་སྐྱེལ་སྙིང་བྲོ་གི་མ་རེད་བ། ད་༧རྒྱལ་བ་རིན་པོ་ཆེས་རྐྱེན་ངན་གྲོགས་ཤར་རེད་གསུངས་སོང་བ་དེ་རེད། ༧རྒྱལ་བ་ཡིད་བཞིན་ནོར་བུས་གསུངས་པ་ད་ག་རང་རེད།
རང་ཐར། ད་ལྟ་འདི་ལྟར་བཙན་བྱོལ་ནང་སྡོད་པའི་སྐབས་ལ། བོད་ནང་གི་འཚོ་བ་ཆེས་དྲན་ཆེ་ཤོས་ཏེ། “ཨ་ཙི་འདི་ཨང”ཟེར་ནས་ཡང་ཡང་སེམས་ནང་དྲན་པ་དེ་གང་རེད་དམ། དེ་ས་ཆ་དང་། ཡང་ན་གངས་རི། ཡང་ན་གཡག ཡང་ན་རྟ་སོགས་གང་ཡིན་ཡང་ཆོག
བུ་ལགས། ང་ཆུང་ཆུང་སྐབས་ང་ཚོའི་ནང་གཡག་དང་ལུག་མང་པོ་ཡོད་རེད། ཕུ་ལ་གཡག་གི་རུ་བ་ཡོད་རེད། ནང་ལ་ལུག་དེ་ཚོའི་ལུག་རྫི་ཡོད་རེད། ཤ་ར་དང་མ་མོ་ཟེར་ནས་ལུག་ལ་མིང་ཁ་ཁ་འདུག་ག མིང་དེ་དག་མགོ་ཚུད་ཀྱི་མི་འདུག ང་ཚོའི་ནང་ལ་གཡོག་པོ་བཅོ་ལྔ་ཙམ་ཡོད་རེད། ཁོ་རང་ཚོས་ལུག་ཁ་ཁར་འཚོ་བ་དང་། གཡག་ཁ་ཁར། རྟ་དྲིལ་ཁ་ཁར་བྱེད་ཀྱི་རེད། ང་ཚོའི་ནང་ལ་དེ་འདྲ་ཡོད་རེད། ང་རང་སྐྱེ་ས་སྤེ་དེ་ལ་སྐྱེས་པ་རེད་དེ། ལྷ་ས་རང་ལ་སློབ་གྲྭ་འགྲིམས་པ་ཡིན། ང་དེ་འདྲ་བྱས་ནས་ཁུངས་བསྐྱལ་ནས་བསྡད་པ་རེད། དེ་ནས་ཆུ་བཞི་སྒང་དྲུག་ནང་འཛུལ་བ་རེད། ཆུ་བཞི་སྒང་དྲུག་དང་མཉམ་དུ་ཡོང་ནས་གཏེར་ལུང་ལ་ཏོག་ཙམ་འཛིངས་པ་ཡིན། དོ་བོ་རྫོང་ལ་ཏོག་ཙམ་འཛིངས་པ་ཡིན། དེ་ནས་སྦག་སར་བསླེབས་ཡིན། སྦག་ས་ནས་ལས་ཀ་བྱས་ཡིན། བོད་ལ་ཡོད་པའི་ལོ་རྒྱུས་དེ་འདྲ་རེད། -
དྲི་བ། ༤ སྤོ་བོ་ལགས་ཀྱིས་རྒྱ་མིའི་དམག་མི་ཐོག་མར་ག་དུས་མཐོང་བ་དང་། གནས་སྟངས་ག་འདྲ་ཞིག་གི་འོག་ནས་མཐོང་སོང་ངམ།
ལན་: བུ་ལགས། རྒྱ་མི་དེ་ཚོ་བོད་ལ་མཐུན་ལམ་ཆེན་པོ་འདུག སྐྱག་རྫུན་བཤད་ནས་ཆོ་ཡོད་མ་རེད་བ། མི་ལ་མཁས་པོ་སྙན་པོ་བཤད་དེ་རྒྱ་མི་དེ་ཚོས་ང་ཚོ་བོད་ཀྱི་མི་མང་ལ་ཡག་པོ་བྱེད་ཀྱི་འདུག གང་ཡིན་ཟེར་ན། རྒྱ་མི་དེ་ཚོར་སྐད་ཆ་སྤྱང་པོ་དང་ཡག་པོ་བཤད་དགོས་རེད་ཟེར་ནས་སློབ་སྦྱོང་བསླབས་ཡོད་རེད་ཟེར་གྱི་འདུག མི་མང་ལ་དཔེ་མི་སྲིད་པའི་ཡག་པོ་བྱེད་ཀྱི་འདུག ཁོ་རང་ཚོ་ཁ་ལག་ཟ་བའི་སྐབས་ལ་ཤོག་ཟེར་ནས་སྐད་བཏང་སྟེ་ཁ་ལག་ཀྱང་སྤྲོད་པ་སོགས་བྱེད་ཀྱི་འདུག ང་ཡང་ཐེངས་མ་གཉིས་ཙམ་ཟ་བར་འགྲོ་མྱོང་། འོ་དེ་འདྲ་ཡིན། རྒྱ་མི་མཁས་པོ་སྙན་པོ་འདུག སྤྱིར་བཏང་ཡིན་ན། དཔོན་པོ་ཁ་ཤས་ཤིག་ལ་མ་གཏོགས་རྒྱ་མིའི་སྒང་ག་ལ་རླུང་ལང་ཡས་ཡོད་མ་རེད་བ། ཨེ་ནི་ནོར་བུ་གླིང་ཁ་ལ་ནི་ང་ཡོད་མ་རེད། ནོར་བུ་གླིང་ཁ་ལ་མི་ཁ་མེད་སྣ་མེད་བསད་རེད། ནོར་བུ་གླིང་ཁའི་ལོ་རྒྱུས་འདྲ་བོ་དེ་འདྲ་རེད། དེ་མཁྱེན་གྱི་ཡོད་རྒྱུ་རེད་བ། འོ་དེ་འདྲ་ཡིན།
-
དྲི་བ། ༥ རྒྱ་མི་ཐོག་མ་དང་པོར་བོད་ལ་ཡོང་བའི་སྐབས་ང་ཚོ་བོད་ཀྱི་སྐུ་དྲག་དེ་ཚོ་དང་། རྒྱ་མིའི་བར་ལ་ཕར་ཚུར་འབྲེལ་བ་འཛུགས་སྟངས་དེ་ག་འདྲ་ཞིག་ཡོད་དམ།
ལན་: བུ་ལགས། དེའི་སྐབས་ལ་ངག་ཕོད་ཡོད་རེད། རྒྱ་མི་ཚུར་ཡོང་དུས་བོད་ཤོར་ཚར་བ་རེད། རྒྱ་མི་ཚུར་ཡོང་དུས་སྐུ་དྲག་གིས་welcome(དགའ་བསུའི)བཟོ་འདྲ་བོ་བྱས་རེད། ངོ་རྒོལ་བྱས་ཡོད་མ་རེད། welcome བྱས་ནས་ལྷ་ས་ལ་བསླེབས་རེད། ཨེ་ནི་དེ་འདྲ་བྱས་ནས་རྒྱ་མིས་ཟ་ཡས་འཐུང་ཡས་དགོས་ཡོད་ཟེར་བ་རེད། གྲོ་དགོས་རེད། ནས་དགོས་རེད། རྩྭམ་པ་དགོས་རེད། མར་དགོས་རེད། ཤ་དགོས་རེད་[ཅེས]བཤད་ནས་དེ་མང་པོ་སྤྲོད་དགོས་ཐུག་རེད། དེའི་སྐབས་ལ་སྔོན་མ་སྐུ་དྲག་ནང་ཁུལ་ཏོག་ཙམ་མ་འཆམ་པའི་བཟོ་འདྲ་བྱས་ནས་ཁ་ཤས་རྒྱང་ཕུད་བཏང་བ་ཚུར་བསླེབས་པ་རེད། ཡིད་བཞིན་ནོར་བུའི་སྐུ་ཐོག་དེའི་སྐབས་རྒྱང་ཕུད་བཏང་བའི་སྐུ་དྲག་སྒང་ག་ཚུར་བསྡུས་པ་རེད། ལྷ་ས་ལ་ཕོ་བྲང་གསར་པ་ཟེར་བ་ཞིག་ཡོད་རེད། དེ་ལ་འབྲུ་ཁང་བཙུགས་ཏེ་རྒྱང་ཕུད་བཏང་བའི་སྐུ་དྲག་དང་འཆར་སྣང་སྒང་ག་སྡེབ་གཅིག་ཏུ་ལས་བྱེད་ལ་བསྐོས་ནས་ཁོ་རང་ཚོར་ལས་ཀ་བཀོལ་བ་རེད། རྒྱ་མི་ག་རེ་སྤྲོད་དགོས་མིན་དེ་ནས་ཐག་གཅོད་ཀྱི་ཡོད་རེད། སྔོན་མ་རྒྱང་ཕུད་བཏང་བའི་སྐུ་དྲག་དང་ཕྱག་མཛོད་འཆར་སྣང་དེ་ཚོ་སྡེབ་གཅིག་ལ་༧ཡིད་བཞིན་ནོར་བུས་གུ་ཡངས་གནང་བ་དང་། བཙོན་པ་དེ་ཚོ་གློད་གནང་བས། ཕོ་བྲང་གསར་པ་ཟེར་བ་དེར་རྒྱང་ཕུད་བཏང་བའི་སྐུ་དྲག་སྒང་ག་འཛོམས་བཞག་པ་རེད། རྒྱ་མི་ལ་འབྲུ་སྤྲོད་དགོས་འདུག་དང་ག་རེ་སྤྲོད་དགོས་འདུག་དེ་ནས་ཐག་གཅོད་ཀྱི་ཡོད་རེད།
-
དྲི་བ། ༦ རྒྱ་མིས་སྐུ་དྲག་དེ་ཚོར་འབྲེལ་བ་ཡག་པོ་བཙུགས་ནས་ཕོགས་འདྲ་བརྒྱབ། ཏཱ་ཡང་འདྲ་སྟེར་བྱས་པའི་སྐོར་འདུག དེ་ག་འདྲ་བྱས་པ་རེད།
ལན་: བུ་ལགས། རེད། དེ་བྱས་རེད། རྒྱ་མིས་ཟླ་བ་ལ་ཏཱ་ཡང་ཏོ་ལྔ་མོ་རེ་རེ་ནང་ལ་སྐྱེལ་བར་ཡོང་གི་རེད། ང་ཚོའི་སྤུན་མཆེད་ཀྱིས་ཁྱོན་ནས་བླངས་ཡོད་མ་རེད། དེ་རྩ་བ་ནས་ཞུ་གི་མིན། ང་ཚོ་འགྲིག་ཙམ་འགྲིག་ཙམ་ཡོད། ང་ཚོ་རྩ་བ་ནས་ཞུ་མི་དགོས་ཟེར་ནས་ཕར་བསློགས་རེད། གཞན་དག་སྐུ་དྲག་ཁོ་རང་ཚོས་ལེན་རྐྱང་གནང་རེད། ངས་བསྟོད་ར་བཏང་བ་མ་རེད། ང་ཚོའི་མི་དངོས་གནས་དྲང་བདེན་ངང་འགྲོ་མཁན་དེ་འདྲ་རེད། ཀླུ་ཁང་བ་ཟེར་ན་དངོས་གནས་ཡིན་རྒྱ་མི་ལ་སྡང་མཁན་གྱི་གྲལ་རེད།
-
དྲི་བ། ༧ དེ་ཉིན་མོར་སྤྲོད་ཀྱི་རེད་དམ་མཚན་མོར་སྤྲོད་ཀྱི་རེད།
ལན་: བུ་ལགས། ཉིན་མའི་གུང་ལ་མངོན་གསལ་ངང་སྤྲོད་ཀྱི་ཡོད་རེད། རྗེས་མ་ཁོ་རང་ཚོའི་ཡིན་བསམས་ཡོད་རྒྱུ་རེད་བ། མངོན་གསལ་ངང་སྤྲོད་ཀྱི་ཡོད་རེད། མཚན་ནག་གུང་སྤྲོད་ཀྱི་མ་རེད། ཉིན་མའི་གུང་ལ་སྤྲོད་དུ་འགྲོ་གི་ཡོད་རེད། ཁོ་ཚོས་ཟླ་བ་ལ་ཕོགས་ཡིན་ཟེར་གྱི་རེད།
-
དྲི་བ། ༨ ཀླུ་ཁང་བ་དང་ཁྱེད་གཉིས་ཀྱི་འབྲེལ་བ་དེ་གང་འདྲ་ཡོད་དམ། ང་ཚོ་བོད་པའི་ནང་ཁོང་མི་རིགས་ཀྱི་དཔའ་བོ་ཡིན་པ་ཧ་གོ་གི་རེད། ཡིན་ན་ཡང་། ནམ་རྒྱུན་ཉིན་རེའི་འཚོ་བ་བསྐྱལ་ནས་སྡོད་སྐབས་ཁོང་མི་ག་འདྲ་ཞིག་ཡིན་པ་གསུངས་རོགས།
ལན་: བུ་ལགས། ནམ་རྒྱུན་དཔེ[ར]་མི་སྲིད་པའི་མི་ལ་མཐུན་ལམ་དང་འབྲེལ་བ་ཆེན་པོ་ཡོད་རེད། སྐུ་དྲག་དེ་ཚོ་སྒང་གར་མཐུན་ལམ་ཆེན་པོ་ཡོད་རེད། སྐུ་དྲག་དེ་ཚོའི་ཁྲོད་ནས་སྔོན་མ་ཞྭ་སྒ་བ་ཟེར་མཁན་ཞིག་ཡོད་རེད། ཞྭ་སྒ་བ་དེ་གསང་དབང་གནང་རོགས་གནང་ཞེས་སྐུ་ངོའི་རྩར་ཡོང་བ་རེད། གསང་དབང་ཟེར་ན། ད་ལྟ་ཤེས་རིག་བཀའ་བློན་ཟེར་ནས་བཀའ་བློན་འདུག་ག། བཀའ་བློན་དེ་ལ་བོད་ནས་གསང་དབང་ཟེར་གྱི་རེད། སྔོན་མ་༧ཡིད་བཞིན་ནོར་བུ་བོད་ནས་ཕེབས་དུས་གཡུག་ཐོག་དང་ཟུར་ཁང་ཟེར་བ་མཉམ་དུ་ཡོད། དེ་དག་གསང་དབང་རྣམ་པ་རེད། ཀླུ་ཁང་བ་ལ་འབྲེལ་བ་ཡག་པོ་ཡོད་རེད། རྒྱ་མི་ལ་ངོ་རྒོལ་གནང་རེད། རྒྱ་མིས་མ་དགའ་བ་བྱས་ནས་༧ཡིད་བཞིན་ནོར་བུའི་སྐུ་མདུན་ལ་བཅར་ནས་ཁོ་ཚོགས་འདུ་ལ་སྐད་གཏོང་མི་དགོས་ཟེར་ལབས་པ་རེད། ཁོས་རྒྱ་ནག་གཞུང་དང་བོད་གཞུང་གཉིས་དཀྲུག་གི་འདུག་ཟེར་བ་རེད། ཨེ་ནི་ཀླུ་ཁང་བ་རྩེ་ཕོ་བྲང་དམར་པོ་ལ་ཡར་སྐད་བཏང་གནང་བ་རེད། ཡར་སྐད་བཏང་གནང་ནས་དེ་འདྲ་ཟེར་གི་འདུག ངའི་བཀའ་འདྲི་ཞུ་ས་ཁྱེད་རང་རང་ཡིན། གནས་སྐབས་རིང་ཚོགས་འདུ་ལ་མ་ཕེབས་རོགས་གནང་གསུངས་པ་རེད། [ཁོང་གིས]ཨ་ཙི་ཡིན་དང་ཡིན། ང་ལ་སྲོག་ད་ལྟ་དོར་ཟེར་ན་དོར་ཐུབ་ཞུས་པ་རེད། མི་དེ་འདྲའི་དྲང་བདེན་ངང་འགྲོ་མཁན་ཞིག་རེད། ངས་ད་ལྟ་སྲོག་དོར་དགོས་ན་དོར་ཆོག བོད་གཞུང་དང་རྒྱ་ནག་གཞུང་ཡག་པོ་ཆགས་ཀྱི་ཡོད་ན་ང་ལ་ཁྱད་པར་ཁྱོན་ནས་མེད་ཟེར་བ་རེད། དེར་སྲོག་དོར་གསུང་གི་མ་རེད་བ། ཨེ་ནི་གཟིམ་འགག་ཡོད་རེད། གཟིམ་འགག་ཟེར་ན་“འོ་་་ཆོ་་་ཆོ་་་”ཟེར་ནས་སྟོད་འགགས་རིང་པོ་གོན་ཏེ་ཡར་མར་འགྲོ་བ་དང་། གཟུགས་པོ་སྟོབས་ཆེན་པོ་ཡོད་རེད། དེ་༧ཡིད་བཞིན་ནོར་བུའི་གཟིམ་འགག་རེད། དེས་མར་ཡི་གེ་བྲིས་གནང་བ་[ཁྱེར་ནས]ཀླུ་ཁང་རྩར་སྐྱེལ་བར་ཕེབས་ཀྱི་རེད། ཡར་ཡི་གེ་བསྣམས་ཕེབས་ཀྱི་རེད་ལ། མར་ཡི་གེ་སྐྱེལ་བར་ཕེབས་ཀྱི་རེད། གཟིམ་འགག་ཟེར་གི་རེད། དེ་ནས་མར་འབྲེལ་བ་གནང་གི་ཡོད་རེད། ཀླུ་ཁང་དང་འབྲེལ་བ་གནང་ཚུལ་དེ་འདྲ་རེད།
དེ་ནས་རྒྱ་མིས་ཀླུ་ཁང་བ་འཛིན་ས་རེད་ཟེར་ལབས་པ་རེད། ཕལ་ཆེར་འཛིན་ཡས་ཐག་ཆོད་འདུག་ལབས་པ་གོ་ནས་ཀླུ་ཁང་བ་ངག་ཕོད་སྐུ་མདུན་ལ་བཅར་གནང་རེད། ངག་ཕོད་སྐུ་མདུན་བཅར་ནས་བུ་དང་ཁོ་རང་གཉིས་མ་འཆམ་པར་རྒྱག་རེས་རྒྱག་ཁུལ་བྱས་རེད། ཀླུ་ཁང་བ་སྲིད་དོན་མཁས་པ་ཡོད་རེད། ཀླུ་ཁང་བ་དང་བུ་རེད། བོད་ལ་ཡིན་ན་ནང་སྲིད་ཀྱི་དྲུང་ཆེ་རེད། ཁོ་གཉིས་རྒྱག་རེས་རྒྱག་ཁུལ་བྱས་རེད། ཨེ་ནི་ངག་ཕོད་སྐུ་མདུན་ལ་བཅར་ནས་ཁོ་གཉིས་འཆམ་ས་མ་རེད། གནས་སྐབས་རིང་རྒྱ་གར་ལ་གནས་སྐོར་བའི་ཆོག་མཆན་གནང་རོགས་གནང་ཞུས་པ་རེད། དེ་འདྲ་བྱས་ནས ༥༩ སྔོན་ལ་འདིར་ཕེབས་ཚར་བ་རེད།
ཨེ་ནི་༧ཡིད་བཞིན་ནོར་བུ ༥༩ ལ་འདིར་ཕེབས་དུས་གཡུ་ཐོག་དང་ཟུར་ཁང་། རྟ་ར་ལགས་ཟེར་མཁན་དང་། བཀྲས་མཐོང་སྐུ་ངོ་ཟེར་མཁན་ལྟ་བུའི་སྐུ་དྲག་དཔེ་མང་པོ་ཡོད་རེད། ཚུར་ཕེབས་དུས་གཡུ་ཐོག་དང་ཟུར་ཁང་ཟེར་མཁན་དེ་ནཱེ་རོའི་སྐུ་མདུན་ལ་སྐྱབས་བཅོལ་གནང་རོགས་ཞུ་བར་བཏང་གནང་རེད། ཨེ་ནི་ [ནཱེ་རོས] welcome་ཡིན། ཕེབས་རོགས་གནང་ཞུས་ནས་དང་པོ་མ་སུ་རུ་ལ་བཞུགས་རེད། དེ་ནས་གཉིས་པ་རྡ་རམ་ས་ལ་ཕར་སྤོས་གནང་རེད། རྡ་རམ་ས་ལ་ནས་བ་ཚང་དེ་ཚོ་གཙང་མ་བཟོས་ནས་ལས་ཁུངས་བཙུགས་གནང་རེད། ༧ཡིད་བཞིན་ནོར་བུས་སྐུ་ལས་དཔེ[ར]་མི་སྲིད་པ་བསྐྱོན་གནང་ཡོད་རེད། ༧ཡིད་བཞིན་ནོར་བུས་དང་པོ་སློབ་གྲྭ་འཛུགས་ཡས་མ་གཏོགས་དགོན་པ་བཞེངས་ཡས་གནང་ཡོད་མ་རེད། སློབ་གྲྭ་འཛུགས་ཡས་རང་ལ་ཐུགས་བསམ་བཞེས་ནས་དཔེ་ཡག་པོ་དེ་འདྲའི་སྐུ་ལས་བསྐྱོན་པ་རེད། འོ་དེ་ཡིན། -
དྲི་བ། ༩ ཀླུ་ཁང་བ་༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་དུ་བཅར་སྐབས། སྤོ་བོ་ལགས་མཉམ་དུ་ཡོད་དམ།
ལན་: བུ་ལགས། ང་ཡོད་རེད། དེའི་སྐབས་ལ་རྩེ་ཕོ་བྲང་དམར་པོ་ལ་༧ཡིད་བཞིན་ནོར་བུས་སྐད་བཏང་གནང་བ་རེད། བུ་ཆུང་ཟེར་བ་ཞིག་ཡོད་རེད། ཁོ་འདི་གར་(སྦེལ་ཀོབ་ཏུ)མེད་པ་ཆགས་པ་རེད། བོད་ཁྱིམ་སློབ་གྲྭ་ལ་ལས་ཀ་བྱས་ནས་བསྡད་རེད། ཉེ་ཆར་རང་གྲོངས་ཚར་ཙམ་རེད། ཁོ་ལ“བུ”ཞེས་གསུངས་པ་དང་། ཁོས “ལོ་ལགས་སོ”ཞེས་ཞུས་སོང་། ཁོ་ལ་རྟ་གཉིས་ལ་རྟ་སྒ་རྒྱོབས་ཟེར་སོང་། ཁོ་གཡོག་པོ་ཡིན་པས་ཁོ་འཁྲིད་གནང་དགོས་རེད། ང་གཡོག་པོ་མ་རེད། ཡིན་ནའང་ང་ལ“ཡ་དེ་རིང་བུ[ལགས]ང་གཉིས་འགྲོ”ཞེས་གསུང་གི་འདུག རྩེ་ཕོ་བྲང་དམར་པོ་ལ་ངེད་གཉིས་འགྲོ་ཡིན། ཨེ་ནི་༧ཡིད་བཞིན་ནོར་བུ་ལ་མཇལ་ཁ་ཞུས་ནས“ངས་བཀའ་འདྲི་ཞུ་ས་ཁྱེད་རང་་་”ཞེས་དེ་ལྟར་གསུངས་རེད། གོས་ཆེན་ལྟེབས་རིལ་གཅིག་གནང་སོང་། དེ་ཁྱེར་ནས་མར་ལོག་ཡོང་བ་ཡིན། དེ་ལ་[སྐད་ཆའི]སྔ་རྟིང་བཟོ་བཅོས་སྐྱོན་རོགས་གནང་།
-
དྲི་བ། ༡༠ སྤོ་བོ་ལགས་ཀྱིས་༧རྒྱལ་བ་རིན་པོ་ཐེངས་དང་པོ་ག་དུས་མཇལ་བྱུང་ངམ།
ལན་: བུ་ལགས། ང་ལྷ་ས་ལ་སློབ་གྲྭར་བསྡད་རེད། དེའི་སྐབས་ལ་ནོར་བུ་གླིང་ཁ་ལ་དུས་འཁོར་དབང་ཆེན་གནང་སོང་། དེའི་སྐབས་ལ་ཞལ་མཇལ་ཐུབ་པ་རེད། གཞན་ཞལ་མཇལ་ཡས་ཁག་པོ་རེད། ཡར་མར་ཕེབས་བྱམས་ལ་ཕེབས་ཀྱི་རེད། ཨེ་ནི་འདུག་བྱས་ནས[ཕེབས་བྱམས་ཀྱི་སྒེའུ་ཡོལ་ཡར་འགྱོགས་པའི་ཚུགས་ག་ཞིག་བསྟན]་སྒོ་ཕྱེ་གནང་སྟེ་ཞལ་མཇལ་སོང་ན། ད་ཞལ་མཇལ་སོང་ཟེར་ནས་ཧང་སང་གི་རེད། ད་ལྟ་འདིར་བཀའ་མོལ་གནང་གི་ཡོད་རེད། བོད་ལ་ཞལ་མཇལ་རག་སོང་ན། དེ་ནས་རྦད་དེ་འགྲིག་ཚར་རེད། ང་ཚོས་དུས་འཁོར་དབང་ཆེན་ཞུས་རེད། དགུང་ལོ་ཉི་ཤུ་རྩ་ལྔ་ཡིན་པ་ཡོད། ནོར་བུ་གླིང་ཁར་དུས་འཁོར་དབང་ཆེན་དང་པོ་དེ་གནང་རེད། དེའི་སྐབས་ལ་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ལྷ་ཀླུ་རེད། ལྷ་ཀླུ་ལྷ་ལྷམ་སྐུ་ཞབས་ཟེར་བ་དེས་སྦྱིན་བདག་གནང་རེད། ༧ཡིད་བཞིན་ནོར་བུས་གནང་བའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ཨང་དང་པོ་དེ་རེད། དེའི་སྐབས་ལ་ཕྱག་དབང་གནང་དུས། ཆར་པ་སིམ་སིམ་ཞིག་འབབ་བཞིན་འདུག ཕྱག་གིས་འདི་འདྲ་མ་རེད། [ཕྱག་དབང་གནང་བའི་བཟོ་ལྟ་ཞིག་སྟོན་བཞིན] དུང་གིས?་འདི་འདྲ་བྱས་ནས་ཕྱག་དབང་གནང་རེད། དེའི་སྐབས་ལ་ཆར་པ་སིམ་སིམ་བཏང་ནས་དཀོན་མཆོག་གསུམ་པོས་མཁྱིན་དཔེ[ར]་མི་སྲིད་རེད། དུས་འཁོར་དབང་ཆེན་ཐེངས་དང་པོའི་སྐབས་རེད། ནོར་བུ་གླིང་ཁ་རྒྱ་ཆེན་པོ་ཡོད་རེད། དེའི་སྐབས་ལ་ལྷ་ས་ཡོངས་རྫོགས་སྟོང་པ་ཆགས་རེད། ནོར་བུ་གླིང་ཁ་རྒྱ་ཆེན་པོ་རེད། མིས་ཡོངས་སུ་གང་རེད།
-
དྲི་བ། ༡༡ ༡༩༥༩ ལོར་གསུམ་བཅུའི་དུས་ཆེན་ལངས་པ་རེད། ཉིན་མོ་དེར་སྤོ་བོ་ལགས་གང་ན་ཡོད་དམ།
ལན་: བུ་ལགས། བོད་ལ་རྩེ་ཕོ་བྲང་དམར་པོའི་མདུན་དེར་གསུམ་བཅུའི་ངོ་རྒོལ་བྱས་རེད། རྩེ་ཕོ་བྲང་དམར་པོའི་མདུན་ལ་རྦད་དེ་ལངས་རེད། དེའི་སྐབས་ལ་ང་ལྷ་སར་ཡོད་རྒྱུ་རེད། ང་ལ་ཞེ་དྲག་བཤད་ཡས་མི་འདུག
-
དྲི་བ། ༡༢ སྤོ་བོ་ལགས་ཀྱིས་ཉིན་མོ་དེའི་གནས་ཚུལ་འདྲ་དྲན་གྱི་འདུག་གམ།
ལན་: བུ་ལགས། གསུམ་བཅུའི་དུས་དྲན་ལངས་པ་དེ་ཧ་གོ་གི་འདུག ང་ག་བ་འགྲོ་ཡོད་དང་ག་བ་བསྡད་ཡོད་དམིགས་བསལ་གསལ་པོ་ཞིག་ང་ལ་ལབ་ཡས་མི་འདུག
-
དྲི་བ། ༡༣ སྤོ་ལགས་དང་པོ་ཆུ་བཞི་སྒང་དྲུག་ནང་འཛུལ་སྐབས་ག་འདྲ་ཞིག་འདུག་གམ།
ལན་: བུ་ལགས། དང་པོ་ཚུགས་དུས་ཙ་ན། གསེར་ཁྲི་མངའ་གསོལ་[གྱི་ཆེད]༧རྒྱལ་བ་ཡིད་བཞིན་ནོར་བུ་ལ་གསེར་ཁྲི་བཞེངས་རེད། གསེར་ཁྲི་བཞེངས་པའི་སྐབས་ལ་ཚོགས་འདུ་འཚོགས་གིན་འཚོགས་གིན་བྱས་ནས་ཕར་ལྷོ་ཁ་གྲི་གུ་ཐང་ལ་མི་གསོག་གིན་གསོག་གིན་གྲི་གུ་ཐང་ལ་དམག་སྒར་བཙུགས་རེད། དང་པོ་ཚུགས་དུས། ལྷོ་ཁ་གྲི་གུ་ཐང་ལ་བསྟན་སྲུང་དྭང་བླངས་དམག་སྒར་ཟེར་བ་བཙུགས་རེད། ཆོལ་ཁ་གསུམ་གྱི་མི་ཡོད་རེད། དང་པོ་ཚུགས་དུས་ཙ་ན། ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོ་བོ་དང་ཡོད་ན་མེད་ན་རེད། ཁོང་མི་ད་ག་ཙམ་མ་ཡིན་པར་སྤྲུལ་པ་ཞིག་རེད་ཟེར་གྱི་ཡོད་རེད། ཁོ་རང་གི་རྒྱུ་འགྲོ་སོང་བཏང་བ་དང་། ཁོ་རང་རང་གིས་མདོ་སྟོད་ཡིན་ན་མི་གསུམ་ཡོད་ན་གཉིས་ཡོང་དགོས་དང་། གཉིས་ཡོད་ན་གཅིག་ཡོང་དགོས་ཟེར་གྱི་རེད། དབུས་གཙང་དང་མདོ་སྨད་གཉིས་ཡོང་མ་ཡོང་རང་དབང་ལས་བཙན་དབང་གལ་ཡང་ཡོད་མ་རེད། མདོ་སྟོད་དེ་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་བཙན་དབང་བཟོ་འདྲ་བྱས་ནས་ཁྲིད་པ་རེད། ཡོང་གི་མིན་ཟེར་ཡས་ཡོད་མ་རེད། མ་ཡོང་ནས་འདི་གློད་གི་མིན་[མེ་མདའ་གཟེ་བའི་བཟོ་ཞིག་སྟོན་བཞིན]ཟེར་གྱི་ཡོད་རེད། ཨ་འབྲུག་མགོན་པོ་བཀྲ་ཤིས་དཔེ་མེད་[ཀྱི]དཔའ་རྟུལ་རེད། དེ་ལྟར་ཁོང་གིས་བཙུགས་རེད། རྒྱུ་ཡི་འགྲོ་སྒོ་འགྲོ་སོང་སྒང་ག་ཁོང་རང་གིས་བཏང་རེད། ཨ་འབྲུག་མགོན་པོ་བཀྲ་ཤིས་དེ་མི་དཔེ་ཡག་པོ་ཡོད་རེད། བསྟན་སྲུང་དྭང་བླངས་དམག་སྒར་ཟེར་གྱི་རེད། འདིར་ཚུར་བསླེབས་ནས་ཆུ་བཞི་སྒང་དྲུག་ཁོ་རང་ཚོ་གསར་པ་དང་རྙིང་པ་གཉིས་མ་འཆམ་པ་དེ་འདྲ་བྱས་རེད། ད་རུང་བོད་སོག་ལས་ཁུངས་འབྲེལ་བ་བྱས་ནས་དེ་འདྲ་རེད། ད་དེང་སང་ཡག་པོ་ཆགས་ཡོད་རེད། ཐེ་ཝན་ལའང་ང་ཚོ་བོད་གཞུང་གི་ལས་ཁུངས་བཙུགས་ཚར་རེད། འོ་དེ་འདྲ་རེད།
-
དྲི་བ། ༡༤ སྤོ་བོ་ལགས་ཆུ་བཞི་སྒང་དྲུག་ནང་ལས་ཀ་བྱེད་པའི་སྐབས། ཨ་འབྲུག་མགོན་པོ་བཀྲ་ཤིས་མཇལ་མྱོང་ཡོད་དམ།
ལན་: བུ་ལགས། ཕྱག་ལས་གཙོ་བོ་ཁོང་གིས་གནང་རེད། ༧རྒྱལ་བ་ཡིད་བཞིན་ནོར་བུའི་གསེར་ཁྲི་བཞེངས་རེད། དེ་རྒྱ་མིས་ཧ་གོ་ན། ང་ཚོས་གསེར་ཁྲི་བཞེངས་པའི་ཆེད་དུ་ཚོགས་འདུ་བྱེད་ཀྱི་ཡོད་ཟེར་གྱི་རེད། གཞན་ཁོ་ཚོས་ག་རེ་བྱེད་ཀྱི་ཡོད། ཚོགས་འདུ་མང་པོ་འཚོགས་ཀྱི་འདུག་ཟེར་གྱི་རེད། གསེར་ཁྲི་མངའ་གསོལ་ལ་ཁ་གཡར་ནས་༧ཡིད་བཞིན་ནོར་བུའི་གསེར་ཁྲི་བཞེངས་རེད། དེ་བཞེངས་ཀྱིན་བཞེངས་ཀྱིན་བྱས་ནས་དེ་འདྲ་རེད། དེའི་སྐབས་ལ་ཚོགས་འདུ་ལ་སྐུ་དྲག་མང་པོ[ཡང་]ཡོད་རེད།
-
དྲི་བ། ༡༥ སྤོ་བོ་ལགས་ཐེངས་དང་པོར་རྒྱ་གར་དུ་ཚུར་ཡོང་བའི་སྐབས་ལ། བོད་ལ་ལོག་ཐུབ་པའི་རེ་བ་ཡོད་དམ། ཡང་ན་དེ་མིན་གྱི་ཚོར་སྣང་ག་འདྲ་ཡོད་དམ།
ལན་: བུ་ལགས། བོད་ནས་ཚུར་ཡོང་དུས་ཙ་ན། སེམས་ལ་བོད་ལ་ཕར་ལོག་འགྲོ་ཡས་རེད་མ་གཏོགས་ང་ཚོའི་བོད་དེ་ཤོར་གྱི་རེད་གཏན་ནས་བསམ་ཡོད་མ་རེད། སྔ་ཕྱི་ཞིག་མ་གཏོགས་ཕར་འགྲོ་ཡས་ཁོ་རང་མ་གཏོགས་བོད་རྒྱ་མིས་འཛིན་གྱི་རེད་དང་། རྒྱ་མི་ལ་འཆོར་གྱི་རེད་དེ་འདྲ་བསམ་ཡས་ཁོ་རང་ཡོད་མ་རེད། ང་ཚོས་འཛིངས་ནས་རྦད་དེ་ཏག་ཏག་བཟོ་དགོས་བསམ་པ་མ་གཏོགས་ང་ཚོ་འཆོར་འགྲོ་བསམ་ཡས་ཡོད་མ་རེད། ང་ཚོ་མི་ཉུང་དྲགས་པ་རེད། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་རྒྱ་མི་ཁ་མེད་སྣ་མེད་བསད་གནང་རེད། སྙེ་མོ་བརྒྱུད་ནས་ཕར་ཕེབས་ནས་རྒྱ་མི་ཁ་མེད་སྣ་མེད་བསད་རེད། ཁོང་གི་དམག་མི་དེ་ཚོ་དཔེ་ཧྲག་པོ་ཡོད་རེད། དངོས་གནས་ཡིན། མདོ་སྟོད་ཀྱི་མི་དེ་ཚོ[ར]བལྟས་ན་གནམ་འདྲ་བོ་ཡོད་རེད། མི་སྟོབས་ཆེན་པོ། རྒྱ་མི་འདི་འདྲ་མ་གཏོགས(བྲང་ཁའི་ཐད་དུ་ལག་པ་བརྐྱངས་ནས)མཐོང་གི་མི་འདུག ཆུང་ཆུང་མ་གཏོགས་མཐོང་གི་མི་འདུག ང་ཚོའི་མདོ་སྟོད་མི་དེ་ཚོ་སྟོབས་ཆེན་པོ་འདུག དངོས་གནས་ཡིན། ད་ནི་བོད་ཚུར་ལེན་གྱི་རེད་མ་གཏོགས་འཆོར་གྱི་རེད་བསམ་པ་མི་འདུག རྒྱ་མི་སྙེ་མོ་དེ་ན་ཁ་མེད་སྣ་མེད་བསད་གནང་རེད། དེ་རིང་བརྒྱ་བསད་ན་སང་ཉིན་ཉིས་བརྒྱ་ཡོང་གི་ཡོད་རེད། སང་ཉིན་ཉིས་བརྒྱ་བསད་ན་གནངས་ཉིན་མོར་བཞི་བརྒྱ་ཡོང་གི་ཡོད་རེད། ཁོ་མང་དུ་མ་གཏོགས་ཉུང་དུ་འགྲོ་ཡས་མི་འདུག ང་ཚོ་བོད་པ་ཡིན་ན་ཤི་ན་ཉུང་ནས་ཉུང་དུ་མ་གཏོགས་ཡང་བསྐྱར་མེད་པ། འོ་དེ་ལྟར་ང་ཚོའི་བོད་ཤོར་རེད། ཡིན་ན་ཡང་། ༧རྒྱལ་བ་ཡིད་བཞིན་ནོར་བུ་གདན་འདྲེན་ཞུ་ཐུབ་པ་རེད།
-
དྲི་བ། ༡༦ སྤོ་བོ་ལགས་ཀྱིས་དེ་མ་ཡིན་པའི་བོད་ཀྱི་གནས་ཚུལ་སྐོར་གཞོན་སྐྱེས་ཚོར་ལབ་འདོད་པ་འདྲ་ཡོད་དམ།
ལན་: བུ་ལགས། བོད་ལ་ཡིན་ན། ས་ཞིང་འདེབས་ཡས་དང་། སོ་སོའི་ཟོམ་པ་ཡིན་ན་རེད། ཕྱུ་པ་ཡིན་ན་རེད། སྟོད་ཐུང་ཡིན་ན་རེད་སྒང་ག་སོ་སོ་རང་གིས་བཟོ་གི་རེད། འགྲོ་གིན་འགྲོ་གིན་སྐུད་པ་ཡོག་ནས་བཟོ་གི་རེད། བོད་ལ་རྒྱ་གར་གི་རས་ཆ་དེ་འདྲ་ཡོད་མ་རེད། སྣམ་བུ་ཁོ་རང་གོན་གྱི་རེད། བོད་ལ་སྣམ་བུ་ཁོ་རང་གོན་ནས་རྩུབ་པོ་རེད་ཟེར་སྲིད། ཡོད་མ་རེད། གོམས་ཚར་རེད། སྣམ་བུའི་སྟོད་ཐུང་དང་སྣམ་བུའི་ཕྱུ་པ་གོན་གྱི་རེད། སྣམ་བུའི་གོས་ཐུང་སྟོད་ཐུང་སྒང་ག་སོ་སོའི་ནང་ནས་བཟོ་གི་རེད། བོད་ན་ཐག་འཐགས་ཀྱི་རེད། སྒང་ག་ནང་ནས་བཟོ་བ་ལས་ཕྱི་ནས་ཉོ་དགོས་མ་རེད། ཚལ་སོ་སོས་འདེབས་ཀྱི་རེད། ཚལ་ཉོ་བྱེད་ཀྱི་པད་ཤག་བེད་སྤྱོད་གཏོང་ཡས་གལ་ཡོད་མ་རེད། མར་ཡིན་ན་རེད། ཕྱུར་བ་ཡིན་ན་རེད། རྩྭམ་པ་ཡིན་ན་རེད་སྒང་ག་སོ་སོའི་ནང་ནས་བྱེད་ཀྱི་རེད། དེ་མ་གཏོགས་པད་ཤག་སྤྲད་དེ་ཉོ་དགོས་ཡས་ཞེ་དྲག་ཡོད་མ་རེད། པད་ཤག་བེད་སྤྱོད་ཞེ་དྲག་གཏོང་ཡས་ཡོད་མ་རེད། བརྒྱ་ལོར་དང་ལྔ་ལོར། བཅུ་ལོར་དེ་འདྲ་ཡོད་རེད། ཊམ་ཀ་དཀར་པོ་ཟེར་བ་ཡོད་རེད། ཊམ་ཀ་དཀར་པོ་ཟེར་བ་དངུལ་གྱིས་བཟོ་གི་རེད། བོད་ལ་ཊམ་ཀ་དཀར་པོ་དངུལ་རང་རེད། ཨེ་ནི་བརྒྱ་ལོར་ཡོད་རེད། ཉེ་ཤུ་རྩ་ལྔའི་ལོ་རོ་ཡོད་རེད། སྒོར་མོ་བདུན་དང་ཕྱེད་ཀའི་ལོ་རོ་ཡོད་རེད། ད་རུང་ཞོ་ལྔའི་སྒོར་མོ་སྐར་མ་ཡོད་རེད། ཕྱེད་བརྒྱད་ཟེར་བ་ཡོད་རེད། ཁ་གང་ཟེར་བ་ཡོད་རེད། ཁ་གང་དེ་ཞོ་གང་ནང་བཞིན་ཡོད་རེད། ཁ་གང་བརྒྱབ་ཡོད་རེད་མ་གཏོགས་ཧོབ་སྟེ་བལྟས་ན་ཞོ་གང་ནང་བཞིན་ཡོད་རེད། སྒོར་མོ་གསུམ་གྱི་ལོ་རོ་ཡོད་རེད། འོ་དེ་ལྟར་པད་ཤག་མང་པོ་ཡོད་རེད། སྐར་མ་བཞི་ལ་ཞོ་གང་ཟེར་གྱི་རེད། ཞོ་གང་དང་ཕྱེད་ཀ་ལ་ཕྱེད་བརྒྱད་ཟེར་གྱི་རེད། ཕྱེད་བརྒྱད་གཉིས་ལ་ཊམ་ཀ་གཅིག་ཟེར་གྱི་རེད། ལོ་རོ་ཆེན་པོ་ཡོད་རེད། ཞོ་ལྔའི་སྒོར་མོ་ཆེན་པོ་འདི་ག་ཙམ་ཡོད། དེ་མ་གཏོགས་སྐར་མ་ཟེར་བ་དང་། ཕྱེད་བརྒྱད་ཟེར་བ། ཁ་གང་ཟེར་བ་དེ་ཚོ་ཆུང་ཆུང་རེད། བོད་ལ་བརྒྱ་ལོར་དང་། ཉི་ཤུ་རྩ་ལྔའི་ལོ་རོ། བཅུ་ལོར། དེ་ནས་སྒོར་མོ་བདུན་དང་ཕྱེད་ཀའི་ལོར་བཅས་ལོར་མང་པོ་ཡོད་རེད།
-
དྲི་བ། ༡༧ སྤོ་བོ་ལགས་ལ་དེ་མིན་གྱི་གནས་ཚུལ་བཤད་འདོད་པ་འདྲ་ཡོད་དམ།
ལན་: བུ་ལགས། དེ་མིན་བོད་ལ་ཤིག་མང་པོ་རྒྱག་མྱོང་། སློབ་གྲྭ་ལ་འགྲོ་ནས་མ་སྐྱིད་པས་ཤིག་མང་པོ་རྒྱག་མྱོང་། ཨེ་ནི་ཕ་མ་ཚོས་ཤིག་སྒང་ག་བསྒྲུགས་ནས་གཙང་མ་བཟོ་དགོས་རེད།
-
དྲི་བ། ༡༨ དེ་ནས་སྤོ་བོ་ལགས་ཀྱི་ཕ་མ་གཉིས་ཀྱི་མཚན་དང་གཞིས་ཀའི་གནས་ཚུལ་སྐོར་ལ་ཏོག་ཙམ་གསུངས་དང་།
ལན་: བུ་ལགས། ངའི་པ་ལགས་ཀྱི་མིང་ལ་བསྟན་འཛིན་ཆོས་འཕེལ་ཟེར། དེས་སྲིད་དོན་གྱི་ལས་ཀ་གནང་ནས་བཙོན་ཁང་ལ་གཤེགས་རེད། ཁ་ག་རྟ་ར་ལགས་ཀྱི་སྐུ་མཆེད་དང་བཙོན་ཁང་ནང་མཉམ་དུ་རེད་འདུག བཀྲས་ཁང་བསྟན་ཆོས་ལགས་ཟེར། མི་ཚང་མིང་ལ་བཀྲས་ཁང་ཟེར་ཞིང་། བསྟན་ཆོས་ལགས་ཟེར་བ་ཁོ་རང་གི་མིང་རེེད། བཙོན་ཁང་ནང་གཤེགས་འདུག དེ་ཡང་ཁ་ལག་མེད་པར་ལྟོགས་གྲིར་ཤི་འདུག ཨ་མ་ལགས་དང་རྨོ་རྨོ་ལགས་ཁོང་ཚོ་འདི་གར་མེད་པ་ཆགས་པ་རེད། ཨ་མ་ལགས་ལ་ཆོས་འཛོམས་ཟེར། རྨོ་རྨོ་ལགས་ལ་བསམ་གཏན་ལགས་ཟེར།
-
དྲི་བ། ༡༩ སྐུ་ངོ་ཀླུ་ཁང་ལགས་ལ་ཨ་ཕ་བརྒྱུད་ནས་འབྲེལ་བ་ཡོད་དམ་ཡང་ན་ཨ་མ་ལགས་བརྒྱུད་ནས་ཡོད།
ལན་: བུ་ལགས། ངའི་པ་ལགས་ཐོག་ནས་རེད། ངའི་པ་ལགས་ཀྱི་པ་ལགས་དང་ཀླུ་ཁང་གི་པ་ལགས་ཁོང་ཚོ་ཕ་གཅིག་མ་གཅིག་རེད་འདུག དེ་འདྲའི་འབྲེལ་བ་ཡོད། ཨེ་ནི་ཀླུ་ཁང་བ་ཟེར་བ་དེ་རྩེ་ཕོ་བྲང་དམར་པོའི་རྒྱབ་ལོགས་དེར་ཀླུ་ཁང་ཟེར་བ་ཡོད་རེད། དེའི་བདག་པོ་ང་ཚོ་རེད། དེ་བས་ཀླུ་ཁང་བ་ཟེར་བཏག་རེད། དངོས་གནས་བྱས་ན། བོད་གཞུང་གི་དེབ་ལ་སྡེ་དཀར་ཟེར་བརྒྱབས་ཡོད། བོད་གཞུང་གི་སྐུ་དྲག་གི་ཐོ་དེབ་ལ་ངག་ཕོད་ངག་དབང་འཇིགས་མེད་ཟེར་བ་དེ་ངག་ཕོད་ཟེར་བརྒྱབ་ཡོད། དེ་ནང་བཞིན་སྡེ་དཀར་ཟེར་བརྒྱབ་ཡོད། ཀླུ་ཁང་བ་ཟེར་བ་དེ་ང་ཚོ་ཀླུ་ཁང་གི་བདག་པོ་ཡིན་པས་བོད་མི་དམངས་ཀྱིས་བཏག་པ་རེད། སྲིད་བློན་ཀླུ་ཁང་བ་ཟེར་གྱི་རེད། ཨེ་ནི"ཀླུ་ལ་གནོད་པ་མ་སྐྱེལ།། གདོང་ལ་ཐོར་བ་དོན་ཡོང་།།”ཞེས་ལྷ་ས་ན་གཞས་བརྩམས་ཡོད་རེད། སྐུ་ངོ་དེར་གནོད་པ་བསྐྱལ་ནས་ཁོས་ཟིན་ན། གློད་གཏོང་གི་མ་རེད་ཟེར་གྱི་རེད། དེ་འདྲའི་མི་ངན་པ་ཡོད་ཟེར་གྱི་རེད། [མཚམས་འདིར་སྤོ་བོ་ལགས་གད་མོ་ཤོར་སོང་།] ཧོབ་སྟེ་ཧོབ་སྟེ་དོན་པའི་གཞས་དེ་[དག]དཔལ་ལྡན་ལྷ་མོས་རྩོམ་གནང་གི་ཡོད་ཟེར་གྱི་རེད། ཧོབ་སྟེ་ཧོབ་སྟེ་གཞས་དེ་འདྲ་དོན་གྱི་རེད། རྒྱ་མི་ལ“ཏཱ་ཡང་ཅན་ཏཱ་ཡང་ཅན་མ་ཟེར།། ཚེ་སྔོན་ལས་ལས་བསྐོས་སོང་། །”ཟེར་བ་དང་། ཡང“ཏཱ་ཡང་ཅན་དྲིན་ཅན་ཕ་མ་རེད”ཟེར་བ་ཡོད། ད་ག་འདྲ་རེད། དེ་འདྲ་གཞས་རྩོམ་སྲོལ་ཡོད། འོ་ཀླུ་ཁང་ལ"ཀླུ་ལ་གནོད་པ་བསྐྱལ་ན། ། གདོང་ལ་ཐོར་བ་དོན་ཡོང་། །”ཟེར། ཀླུ་ཁང་བ་ཀླུ་རེད་ཟེར་གྱི་ཡོད། ཀླུ་ལ་གནོད་པ་བསྐྱལ་ནས་ཀླུས་བཟུང་ན། ཀླུ་གཏོར་བཏང་ནས་ཞེ་བུ་བྱས་ན་མ་གཏོགས་འགྲིག་གི་མ་རེད་བ། དེ་ནང་བཞིན་ལྷ་ས་ལ་གཞས་བརྩམས་པ་རེད། །
རང་ཐར། མཐའ་མ་སྤོ་བོ་ལགས་ཀྱིས་གང་གསུངས་པ་ཇི་བཞིན་མར་ཕབ་ནས་དྲྭ་བའི་ནང་བཞག་ན་འགྲིག་གམ།
བུ་ལགས། འགྲིག་གི་རེད། ཨེ་ནི་བཟོ་བཅོས་སྐྱོན་དགོས་ན་བཟོ་བཅོས་སྐྱོན་རོགས། སྐད་ཆ་ཉིས་རྩེག་སུམ་རྩེག་དེ་འདྲ་བཤད་ཡོད་ན་་་།
རང་ཐར། ཨེ་ནི་སྤོ་བོ་ལགས་ཀྱིས་ངའི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ། འདི་ཡིག་ཐོག་ཏུ་འབེབས་པར་ཟླ་བ་གཅིག་གཉིས་འགོར་རྒྱུ་རེད། ག་ལེར་བྱ་རྒྱུ་ཡིན།
བུ་ལགས། ངས་གཉིས་གསུམ་བཤད་ཡོད་ན་ག་ལེར་བཟོ་བཅོས་བཏང་ནས་བཟོ་གནང་རོགས། འོ་དེ་ཡིན། །
བུ་ལགས་ནི་དགྲ་བོ་རྒྱ་དམར་གྱིས་བོད་ས་ཧམ་བཟུང་མ་བྱས་སྔོན་དུ་བོད་ཀྱི་སྐུ་དྲག་ཅིག་གི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་། རྒྱ་དམར་གྱི་བཙན་གནོན་ལ་མགོ་བོ་སྒུར་མྱོང་མེད་པའི་སྲིད་ཚབ་ཀླུ་ཁང་བའི་ཚ་བོ་ཡིན། རྒྱ་དམར་གྱི་གནོན་ཤུགས་མ་བཟོད་པར་༧རྒྱལ་བ་རིན་པོ་ཆེས་སྲིད་བློན་ཀླུ་ཁང་བ་རྩེ་ཕོ་བྲང་པོ་ཏ་ལ་རུ་བོས་ཏེ་དགོངས་པ་ཞུ་དགོས་པའི་བཀའ་གནང་དུས། བུ་ལགས་ཀྱང་སྲིད་ཚབ་ཁོང་དང་ལྷན་དུ་༧རྒྱལ་བའི་སྐུ་མདུན་དུ་བཅར་མྱོང་ཡོད། དེ་ནས་ཕྱི་ལོ་ ༡༩༥༠ ང་གྲངས་ཀྱི་སྨད་དུ་ཁོང་ཆུ་བཞི་སྒང་དྲུག་གི་དམག་ཏུ་ཞུགས་ནས་བརྒྱ་ཤོག་ཅིག་གི་དྲུང་ཡིག་བྱེད་མྱོང་བ་དང་། ༡༩༥༩ ལོར་བོད་ས་ཡོངས་རྫོགས་དགྲ་ལག་ཏུ་ཤོར་རྗེས། རྒྱ་གར་དུ་ཕེབས་ནས་བཙན་བྱོལ་དུ་ཡོང་བའི་བོད་མི་བྱིངས་ལྟར་འཚོ་བ་གསར་པ་ཞིག་གི་འགོ་བརྩམས། ད་ལྟ་ཁོང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་གྲོང་གསུམ་པར་བཞུགས་ཡོད། བཅར་འདྲི་འདིའི་ནང་དུ་ཁོང་གིས་སོ་སོའི་སྐུ་ཚེའི་མཐོང་ཐོས་མྱོང་གསུམ་གྱི་གནས་ཚུལ་རྣམས་གསུངས་ཡོད།