ང་ཚོའི་གྲོང་ཚོ་དང་ཤང་གཉིས་བར་སྤྱི་ལེ་ལྔ་དྲུག་གིས་ཆོད་པས། ང་རང་བདུན་གཅིག་རིང་སློབ་གྲར་བསྡད་དེ་གཟའ་མཇུག་སྐབས་ཁྱིམ་དུ་ལོག་གི་ཡོད།
དེ་འདྲའི་གཟའ་མཇུག་ཅིག་ལ་ང་རང་ལྕགས་རྟར་བཞོན་ནས་ཁྱིམ་དུ་འབྱོར་དུས། ཐག་རིང་དུ་གནས་ལ་ཕྱིན་པའི་ཨ་ཅེའང་ཁྱིམ་དུ་ཐོན་ཡོད་པ་མཐོང་། ང་རང་ཧང་སང་བ་དང་དགའ་བ་ཅིག་ཅར་དུ་སྐྱེས་ནས་ཨ་ཅེའི་ཕྱོགས་སུ་རྒྱུགས། ང་རང་ངེད་ཚང་གི་བུ་ཆུང་ཤོས་ཡིན་ཞིང་། ཨ་ཅེ་ངེད་ཚང་གི་ཆེ་ཤོས་ཡིན་པས་ཨ་ཅེ་ང་ལ་ཤིན་ཏུ་བརྩེ་ཞིང་དུངས། ཨ་ཅེ་གནས་ལ་མ་ཕྱིན་གོང་དུ་ང་རང་མོའི་རུམ་དུ་ཉལ་རྒྱུར་དགའ། མོས་ང་ལ་གསེར་མཚོ་དངུལ་མཚོ་དང་། ཨ་ཅེ་ཝ་མོ། རི་བོང་བློ་ལྡན་སོགས་ཀྱི་གཏམ་རྒྱུད་བཤད་དེ་ང་རང་གཉིད་དུ་འགུགས་མྱོང་བ་མ་ཟད། ཨ་ཕ་གྲོང་ཁྱེར་དུ་ཕྱིན་ནས་ཕྱིར་ལོག་སྟེ་ང་ཚོ་ལ་བྱི་རིལ་དང་ཤིང་ཏོག་གི་རྔན་པ་སྤྱིན་དུས། ངས་ཨ་ཅེའི་སྐལ་བ་ཡི་ཆ་ཞིག་རང་ཉིད་ལ་གཏོགས་ཤག་ཤག་བྱེད་ཀྱི་ཡོད། ཕྱིས་སུ་ཨ་ཅེ་གནས་ལ་ཕྱིན་ནས་གཞིས་སྐོར་དུ་ལོག་སྐབས་ཀྱང་མོས་རྩེད་ཆས་ཀྱི་རླངས་འཁོར་དང་མི། གྱོན་ཆས་སོགས་ཁྱེར་ནས་ང་ལ་བརྗོད་ལས་འདས་པའི་དགའ་སྤྲོ་སྟེར་མྱོང་།
འོན་ཀྱང་། ཉིན་དེར་ཨ་ཅེའི་ངོ་གདོང་ལ་ནམ་རྒྱུན་གྱི་བརྩེ་བའི་འཛུམ་མདངས་མ་མཆིས་པ་དང་། མོས་ཁ་ཅི་ཡང་མི་གྲགས་པར་ང་རང་མོའི་སྐེ་འོག་ཏུ་ཉར་ནས་ཡུན་རིང་བསྡད། ངས་ཀྱང་གནས་ཚུལ་མི་ལེགས་པ་ཞིག་བྱུང་བ་ཤེས་ནས་ཁ་རོག་མོ་ལ་འཐམས་ནས་བསྡད་པ་ན། ཨ་ཅེས་མིག་ཆུ་གཏོང་བཞིན་པ་ཚོར། ངས་སོ་སོའི་ལུས་པོ་ཚུར་ཐེན་ནས་”ཨ་ཅེ། ཁྱོད་ལ་ཅི་བྱུང་སོང”ཞེས་དྲིས་པར། ཨ་ཅེས་ལག་རྒྱབ་ཀྱིས་མིག་ཆུ་འབྱིད་བཞིན”གལ་མ་རེད། ང་རང་ཁྱོད་མཐོང་དུས་དགའ་དྲགས་ནས་ངུ་ཤོར་སོང”ཟེར། ངས་ཨ་ཅེ་ཡིས་རྫུན་ལབ་བཞིན་པ་འཕྲལ་མར་ཤེས་སོང་། མོའི་མིག་ཟུང་ངུས་ནས་དམར་པོར་གྱུར་བ་མ་ཟད། འགྲམ་པ་གཡོན་པ་དང་མཆུ་ཏོ་སྐྲངས་ནས་གང་འཚང་སྔོན་པོར་གྱུར་འདུག ངས་ཨ་ཅེ་ཡིས་རྫུན་ལབ་བཞིན་པ་རྟོགས་ཀྱང་ཡང་བསྐྱར་འདྲི་མ་ཕོད་ལ། ཨ་ཅེས་ཀྱང་ང་ལ་སློབ་གྲྭ་ན་སྐྱིད་པོ་ཡོད་མེད་དང་། སློབ་སྦྱོང་ཇི་ཙམ་ཤེས་ཡོད་མེད་སོགས་དྲིས་པས། ངས་མོ་ལ་སོ་སོའི་འཚོ་བའི་སྐོར་བརྗོད་རྒྱུར་རྔམས་ནས་རེ་ཞིག་མོའི་གནས་ཚུལ་གཏིང་རྗེད་དུ་ཕྱིན་ལ། ཐ་ན་མོ་ལ་ཅིའི་ཕྱིར་ལོ་གཉིས་ལ་སོན་པའི་ཚ་མོ་དར་མཚོ་ལྷན་དུ་མ་འཁྲིད་པའི་རྒྱུ་མཚན་ཡང་འདྲི་རྒྱུ་བརྗེད། ནམ་རྒྱུན་མོ་ནམ་ཡོང་ལ་དར་མཚོའང་ལྷན་དུ་འཁྲིད་ཡོང་གི་ཡོད།
དེ་ནས་ཉི་མ་ནུབ་ཏུ་བཞུད་དེ་རི་བོ་དག་གི་གྲིབ་སོ་ཇེ་རིང་ནས་ཇེ་རིང་དུ་གྱུར་བ་ན། ཨ་ཕས་ངེད་ཚང་གི་ནོར་ཁྱུ་དེད་དེ་ཁྱིམ་དུ་འབྱོར། དེ་དུས་ངས་ངེད་ཚང་གི་ཁང་པའི་སྒེའུ་ཁུང་གི་མཚམས་སུ་བརྒྱབས་པའི་ཉལ་ཁྲིའི་སྟེང་སྐྱིལ་ཀྲུང་བཅས་ནས་<<འཇལ་དཔལ་མཚན་བརྗོད>>འབྲུ་འདེད་བྱེད་ཀྱིན་ཡོད། དེ་ནི་ཨ་མས་ང་ལ་བཙན་གྱིས་བསྐུལ་བའི་ལས་ཀ་ཞིག་རེད། ང་རང་གཟའ་མཇུག་ཏུ་སློབ་གྲྭ་ནས་ཁྱིམ་དུ་ལོག་ཐེངས་རེར། ཨ་མས”སློབ་གྲྭར་འགྲོ་བའི་དགོས་པ་དང་། ཡི་གེ་ཤེས་པའི་དོན་སྙིང་ནི་ཆོས་ཀློག་རྒྱུ་རེད”ཟེར་ནས་མ་མཐར་ཡང་<<འཇམ་དཔལ་མཚན་བརྗོད་ཚར་རེ་ཀློག་ཏུ་འཇུག་པས། ངས་ཀྱང་ཁོང་གིས་ཐབ་ལས་དང་སྒོ་ཕྱི་ནང་གི་ལས་ཀ་ཙག་ཙིག་བྱེད་པའི་སྐབས་སུ་གོ་སྐབས་དམ་འཛིན་གྱིས་ཤོག་ལོག་འཕེན་ཅི་ཐུབ་བྱེད་ཀྱི་ཡོད།
ངས་དེ་ལྟར་ཉལ་ཁྲིའི་ཐོག་ཏུ་འབྲུ་འདེད་བྱེད་བཞིན་པའི་ཚེ། གློ་བུར་དུ་ཨ་ཕས་སྐད་ཤུགས་ཆེན་པོས་ཨ་ཅེ་ལ་སྡིགས་བཞིན་པ་དང་། ཨ་ཅེ་ངུ་བཞིན་པའི་སྒྲ་ཞིག་སྒེའུ་ཁུང་བརྒྱུད་ནས་ངའི་རྣ་ལམ་དུ་ལྷུང་། ང་རང་འཕྲལ་མར་ཡར་ལངས་ནས་ཕྱི་རུ་རྒྱུགས་པ་ན། ཨ་ཕ་ཨ་ཅེའི་འཁྲིས་སུ་ལངས་ནས་མོ་ལ་སྡིགས་མོ་བྱེད་ཀྱིན་མཆིས་ལ། ཨ་ཅེས་ལག་པ་མིག་ཟུང་ཐོག་ཏུ་བཞག་སྟེ་ངུ་བཞིན་འདུག ཨ་མ་དང་ཨ་ཅེ་བར་མ་གཉིས་ཀྱིས་ཁ་རོག་དང་མགོ་བོ་སྒུར་ནས་ནོར་རྣམས་གདོང་ལ་འདོགས་བཞིན་གདའ། ང་རང་ཁོ་གཉིས་ཀྱི་འཁྲིས་སུ་བཅར་མ་ཕོད་པར་སྒོ་མཚམས་སུ་ལངས་ནས་བསྡད།
ཨ་ཕས“ཁྱོད་ཀྱིས་རྒན་འཁོགས་གཉིས་ཀྱི་ཁ་ལེན་ཚིག་བརྩི་མ་བྱས་པ་རེད། རྒན་འཁོགས་གཉིས་ཀྱི་ཚིག་མཐོ་དམན་ཕྲན་བུ་ཤོར་བར་བཟོད་བསྲན་མི་བྱེད་པར་འདི་ལྟར་ཡོང་སྲོལ་ཞིག་ག་ལ་ཡོད། གཞན་ལ་ངོ་མི་ཚའམ། ཁྱིམ་གཅིག་ཏུ་འདུག་དུས། གནས་ཚུལ་ཆུང་ཚགས་ལོས་ལྷག ངས་སྔ་མོ་ནས་ཁྱོད་ལ་དེ་དག་བཟོད་སྒོམ་བྱེད་དགོས་ཚུལ་བཤད་མ་བྱུང་ངམ། ཁྱོད་ཀྱི་ཁྱིམ་དང་ནང་མི་ཕ་གིར་ཡོད་པ་ལས་འདིར་མེད། ཁྱོད་སང་ཉིན་རང་ཕྱིར་ལོག་རྒྱུགས། འདི་ཁྱོད་ཀྱི་ཁྱིམ་མ་རེད”ཅེས་སྡིགས་དམོད་དྲག་པོ་བགྱིས་པར། ཨ་ཅེ་ཡིས་ངུ་སྐད་ཀྱི་བར་ནས་ཚིག་ཐག་ཆོད་པོས“ང་ཁོ་ཚང་ལ་ལོག་གི་མིན། ངས་སྡུག་རུས་དང་བཟོད་བསྲན་མ་བྱས་བསམ་པ་ཞིག་མེད། མི་ལོག་ཐག་ཆོད་ཡིན”ཞེས་སྨྲས། སྐབས་དེར་ཨ་ཕས་སྔར་བས་ཀྱང་སྐད་ཤུགས་ཆེན་པོས“ལྟོས་དང་། ཁྱོད་ཀྱིས་ང་ལ་ཁ་ལན་སློག་སྟངས་ལ་བལྟས་ན། ཁོ་རྒན་འཁོགས་གཉིས་ཀྱི་ཁ་ལེན་ཚིག་བརྩི་བྱེད་ས་རེད། མ་ལོག་ཀྱང་འགྲིག ཡིན་ན་ཡང་། འདི་ཁྱོད་ཀྱི་ཁྱིམ་མ་རེད། འདིར་ཡོང་མི་དགོས། ཁྱོད་གང་དུ་འགྲོ་རྒྱུ་ཡིན་ཡང་རྒྱུགས”ཞེས་སྡིགས་པ་མ་ཟད། ད་རུང་མང་པོ་ཞིག་བཤད་པའི་གྲ་སྒྲིག་ཡོད་པར་སྣང་མོད། འོན་ཀྱང་མཚམས་དེར་ཨ་ཅེ་གློ་བུར་དུ་ཁ་བསྐོར་ནས་ངུ་བཞིན་ང་ཚོའི་སྒོ་ར་ནས་དོན་སོང་། ཨ་ཅེས་མགོ་བོ་ཅུང་སྒུར་ཞིང་ལག་པ་ངོ་གདོང་ལ་སྦྱར་ནས་སྒོ་ར་ནས་མར་རྒྱུགས་བཞིན་པའི་རྒྱབ་གཟུགས་དེ་ད་ལྟ་ཡང་ངའི་སེམས་སུ་གསལ་ལེར་འཁོར་ཡོང་ལ། སྣང་བརྙན་དེ་ཉིན་མོར་ང་རང་ཁེར་རྐྱང་དུ་འདུག་སྐབས་ཐེངས་བགྲང་མེད་སེམས་ཀྱི་འཆར་ཡོལ་ངོས་སུ་འཆར་མྱོང་བ་མ་ཟད། མཚན་མོའི་རྨི་ལམ་དུའང་ཡང་ཡང་རྨིས་མྱོང་། རྨི་ལམ་ནང་ཐེངས་གཅིག་གཉིས་ཤིག་ལ་ང་རང་ཨ་ཅེའི་རྗེས་སུ་འགྲོ་སྐབས། ཨ་ཅེས་ངུ་བཞིན་ལམ་བུ་དོག་མོ་ཞིག་འདེད་པའི་རྒྱབ་གཟུགས་མཐོང་བ་དང་། ང་རང་རྒྱུགས་ནས་མོའི་རྒྱབ་ནས་འཇུ་གྲབས་བྱེད་དུས་མོ་དུ་བ་ལྟར་བར་སྣང་དུ་ཡལ་ནས་མི་སྣང་བར་འགྱུར་བས། ངས“ཨ་ཅེ། ཨ་ཅེ”ཞེས་འབོད་བཞིན་གཉིད་ལས་སད་མྱོང་།
ང་རང་འཕྲལ་མར་སྒོ་ར་ཡི་ཕྱོགས་སུ་འགྲོ་བར་བརྩམས་པ་ན། ཨ་ཕས“ཁྱོད་སོང་ཨ། མོ་འགྲོ་ས་ཅི་འདུག་ལྟ་དགོས”ཞེས་ང་ལ་འཇིགས་སུ་རུང་བའི་སྡང་མིག་ཅིག་བགྲད་པས། ང་རང་འགྲོ་མཚམས་འཇོག་དགོས་ཁེལ། ང་ཚོའི་ཨ་ཕ་ནི་ནམ་རྒྱུན་ངང་རྒྱུད་རིང་ཞིང་ཨ་མ་ལྟར་ལམ་སེང་རྒྱག་རྡུང་དང་སྡིགས་མོ་བྱེད་མཁན་ཞིག་མིན་ཡང་། ཁོང་ཁྲོ་ལངས་པའི་སྐབས་སུ་ཁོང་གི་བློ་ལ་མ་བསྟུན་ན་ཁྱོད་རང་ཤི་སྙིང་འདོད་པ་རེད། དེ་བས་དགོང་མོ་དེར་ངས་ཁོང་གི་འཇིགས་སྐུལ་ལ་མི་ཉན་པར་ཨ་ཅེའི་རྗེས་སུ་རྒྱུགས་ག་ལ་ཕོད།
ཨ་ཅེ་སྒོ་རའི་རྒྱབ་ཏུ་ཡལ་རྗེས། ཨ་མས་གཞི་ནས་ཁ་གྲགས་སོང་། མོས་ཨ་ཕ་ལ“ཁྱོད་ཀྱིས་མོ་ལ་དེ་འདྲའི་སྡིགས་ནས་ཅི་བྱེད། མོ་ལ་སྙིང་མི་རྗེའམ། ཁྱོད་ཀྱིས་མོའི་ཁ་མིག་ཇི་ཙམ་སྐྲངས་ཡོད་པ་མཐོང་མ་བྱུང་ངམ། ད་རུང་མོའི་བྲང་ཁར་ཁོས་རྡོག་ཐོ་གཞུས་ཤུལ་སྔོ་ཐིག་བབ་འདུག་པ་མ་ཟད། དབུགས་གཏོང་དུས་ཀྱང་ཟུག་གཟེར་ལང་གི་འདུག་ཟེར” མཚམས་འདིར་ཨ་མའི་སྐད་ཀྱང་ངུ་སྐད་དུ་གྱུར་བ་དང་། ལག་པ་འབྲི་མོ་དང་ཟེའུ་ཡི་བར་ནས་ཚུར་བསྡུས་ཏེ་གདོང་ནས་བཞུར་བའི་མིག་ཆུ་ཕྱིས། སྐབས་དེར་ཁ་རོག་ཨ་མའི་རོགས་བྱེད་བཞིན་པའི་ཨ་ཅེ་བར་མའི་མིག་ནས་ཀྱང་མཆི་མ་བཞུར་བཞིན་འདུག ཨ་ཕ་སྔར་མར་དུ་ཁུ་སིམ་མེར་ལངས་ནས་ཅི་ཞིག་ལ་བསམ་གཞིགས་ནན་མོ་བྱེད་པ་ལྟར་སྣང་ལ། ཕལ་ཆེར་ཨ་མས་བཤད་པའི་སྐད་ཆ་དེམབདེན་སྙམ་པ་ཨི་ཡིན། ཨ་ཕ་དེ་ལྟར་ལངས་པ་དེས་ཨ་མའི་བློ་ཁོག་བསྐྱེད་པ་ལྟར་མོས་མུ་མཐུད་“ངེད་གཉིས་ལ་སོ་སོའི་བུ་མོའི་རྒྱུས་ལོས་ཡོད། མོས་ཁ་ལེན་ཚིག་བརྩི་བྱེད་མི་བྱེད་པ་ག་ལ་སྲིད། མོ་དེ་འདྲ་ཞིག་མིན།། མོས་ཅི་ཞིག་བྱས་ཀྱང་འདྲེ་མོ་དེས་སྐྱོན་དུ་མཐོང་ནས་སྡིགས་མོ་གཏོང་བ་མ་ཟད། དེང་སང་ཨ་ཐར་ཡང་ཉིན་གང་བོར་ཕྱི་ལ་ཤོ་སྦག་རྩེས་ནས་ཁྱིམ་ཚང་གི་འགན་མི་འཁུར་བ་དང་། ནང་དུ་ལོག་དུས་འདྲེ་མོ་དེའི་ཁ་ལ་རྒྱུགས་ནས་རྡུང་རྐྱང་བྱེད་ཀྱི་འདུག་ཟེར། འདྲེ་མོ་དེས་ད་རུང་ངེད་ཚང་གི་བུ་མོ་བསླེབས་རྗེས་ཁོ་ཚང་གི་བུ་དེ་འདྲ་ཞིག་ཆགས་སོང་ཟེར་ནས་ངན་ཁག་དཀྲི་ཡི་འདུག་ཟེར། འཆི་རྒྱུར་བསམ་བློ་མི་གཏོང་བའི་རྒན་མོ་དེ་དེ་འདྲའི་མ་རབས་པ་ལ། ངས་བུ་མོ་གནས་ལ་མ་བཏང་སྔོན་དུ་ཁྱོད་ལ་བཤད་མ་མྱོང་ངམ། འོན་ཀྱང་ཁྱོད་ཀྱིས་་་རེད་་་སོང་སོང་། ནང་དུ་སོང་ན་དཀའ་ངལ་ཡོད་ཚད་སེལ་ངེས”ཞེས་སྨྲས་པ་དང་། ཨ་ཕས་མོའི་སྐད་ཆར་མ་ཉན་པར་ཁྲོ་འཚུབ་འཚུབ་ངང་ནང་དུ་འགྲོ་བའི་རྒྱབ་ལ་ཡུད་ཙམ་ཅེར་རྟིང་། ཁོང་ཁྲོ་ཆེན་པོས“ཁྱོད་དེར་ཅི་བྱེད་ཀྱི་ཡོད། ཡི་གེ་ཀློག་གི་མིན་ནམ”ཞེས་བཤད་སྟབས། ང་རང་ཡང་ཁང་པའི་ནང་དུ་ལོག ད་ནི་ཁང་པའི་ནང་ནག་ཁུང་འཐེབས་འདུག་པས་ཉི་གློག་སྤར་ནས <<འཇམ་དཔལ་མཚན་བརྗོད།>> འབྲུ་འདེད་བྱེད་ཁུལ་བགྱིས།
དེ་ལྟར་རིམ་གྱིས་ཉི་མ་ནུབ་ཏུ་བཞུད་པ་དང་། འོད་ཆེམ་ཆེམ་གྱི་སྐར་མ་རེ་རེ་དང་གཉིས་རེ་བྱས་ནས་མཐར་མཁའ་དབྱིངས་སུ་སྐར་གྲལ་ཡོངས་སུ་འགྲིགས། ཨ་མ་དང་ཨ་ཅེ་བར་མ་གཉིས་ཀྱིས་ཕྱི་ཡི་ལས་དོན་བསྒྲུབས་ཚར་ནས་དགོང་ཟས་གཡོ་བཞིན་མཆིས། ད་ནི་ཨ་མས་སྡར་ལྟར་ཨ་ཕ་ལ་ལེ་བདའ་མི་བྱེད་པར་སྒྲ་ཡོད་ལ་མེད་པའི་འདོན་པ་སྐྱོར་བ་དང་སྦྲགས་ཤ་གཏུབས། ཨ་ཕས་དཀར་གསལ་གྱི་ཉི་གློག་འོག་ཏུ་ལཱ་ཚར་ཞིག་འཚེམ་བཞིན་བསྡད། ནམ་རྒྱུན་ཨ་ཕས་གསར་དུ་ཉོས་པའི་ཉི་གློག་གི་ཁྱད་ཆོས་བརྗོད་སྐབས། ཁོང་གིས་རྟག་ཏུ“མཚན་མོ་ལའང་འཚེམ་བུ་རྒྱག་ཐུབ”ཟེར་ངེས། དེ་ལྟར་ཨ་ཕ་དང་ཨ་མ། ཨ་ཅེ་བར་མ་བཅས་ཀྱིས་ཕན་ཚུན་ཁ་མི་གྲག་པར་སོ་སོའི་ལས་ཀ་བྱས་ནས་བསྡད་པས། ང་ཡང་མི་འདོད་བཞིན་དཔེ་ཆ་ལ་ལྟ་ཁུལ་བྱས་ནས་སྡོད་དགོས་ཁེལ། འོན་ཀྱང་ངའི་སེམས་སུ་ཨ་ཅེ་གང་དུ་ཡོད་དམ་སྙམ་པའི་སེམས་ཁྲལ་གྱིས་ཁེངས།
ཐུག་པ་ཁོལ་ནས་འཐུང་གྲབས་ཡོད་པའི་སྐབས་སུ་ཨ་ཕས་གློ་བུར་དུ་འཚེམ་བུ་རྒྱག་མཚམས་བཞག་སྟེ་ངའི་ཕྱོགས་སུ་བལྟས་ནས“ནོར་བུ། ཁྱོད་ཨ་ཞང་བསོད་ནམས་ཚང་ལ་སོང་ནས་ལྷ་མོ་ཨེ་འདུག་ལྟོས་དང་། འདུག་ན་ཚུར་ཤོག་ལོབས”ཅེས་སྨྲས་པས། ང་རང་ལམ་སེང་ཡར་ལངས་ནས་ཨ་ཞང་ཚང་དུ་རྒྱུགས། ཨ་ཕའི་སྐད་གདངས་ལ་སྔར་གྱི་ཁོང་ཁྲོ་དེ་མ་མཆིས་སྟབས། ངས་ཨ་ཅེ་ལ་ཨ་ཕའི་ཁོང་ཁྲོ་ཞི་ཡོད་པའི་ཚུལ་བརྗོད་དགོས་སྙམ། ང་རང་ཐད་ཀར་ཨ་ཞང་ཚང་གི་ནང་དུ་འཛུལ་མ་ཕོད་པར་སྒོ་ར་ནས་ཡར་བོས་པ་ན། ཏག་ཏག་ཁོང་ཚང་གི་ཁྱི་རྒན་དར་རྒྱ་ཡིས་ཁང་པའི་སྒོ་འགྲམ་ནས་ངའི་ཕྱོགས་སུ་ངར་ངར་གྱིས་ཟུག ཁྱི་རྒན་དེར་ངེད་ཚང་གི་ནང་མི་ཚང་མར་འདྲིས་ཡོད་མོད། འོན་ཀྱང་ང་རང་སློབ་གྲྭ་ནས་ཁྱིམ་དུ་ལོག་ཐེངས་རེར་དེས་དགྲ་བོ་མཐོང་བ་ལྟར་ཟུག་པས། ངས་ཀྱང་དེ་དགྲ་བོ་ཞིག་ཏུ་བརྩིས་ནས་གོ་སྐབས་ནམ་བྱུང་ལ་རྡོ་ལུ་རེ་འཕེན་རྒྱུར་གོམས་ཡོད།
ཅུང་ཙམ་གྱི་རྗེས་སུ་ཨ་ཞང་སྒོ་ཕྱིར་དོན་ནས“ཨ”ཞེས་སྨྲས་པ་དང་། ཡང་ཡང་ཟུག་བཞིན་པའི་ཁྱི་ལ་སྡིགས་མོ་ཞིག་བྱས་པས་དེ་འཇམ་ཐིང་ངེར་གྱུར། མཚན་མོའི་སྨག་རུམ་གྱི་ཁྲོད་དུ་ངས་ཨ་ཞང་གི་ལུས་པོ་ནག་ཡོལ་ཡོལ་ཞིག་ལས་ངོ་གདོང་གི་རྣམ་འགྱུར་མཐོང་མི་བཏུབ།
“ཨ་ཅེ་ལྷ་མོ་དེར་འདུག་གམ། ཨ་ཕས་ཕྱིར་ཤོག་ཟེར” ངས་ཨ་ཞང་ལ་ཞུས།
“ལྷ་མོ་འདིར་མི་འདུག མོ་ག་དུས་ཕྱིར་ཡོང་བ་རེད།” ཨ་ཞང་གིས་ཨ་ཅེ་ཁྱིམ་དུ་འབྱོར་བའང་ཤེས་མི་འདུག ངས་ཁོང་ལ“དེ་རིང་ཡོང་འདུག”ཅེས་ལན་བཏབ་ནས་ལམ་སེང་ནང་དུ་ལོག ངའི་སེམས་སུ་ཨ་ཅེ་འདྲེ་ཡིས་ཁྲིད་པ་ཨེ་ཡིན་སྙམ་པའི་སེམས་ཁྲལ་དང་འཇིགས་སྐྲག་གིས་ཁེངས། སྔོན་ཆད་ཨ་ཅེ་དང་ཨ་མའི་ངག་ལས་དགོང་མོར་བུ་མོ་དང་མནའ་མ་བྲོས་ནས་འདྲེ་ཡི་ཁྲིད་པའི་གཏམ་རྒྱུད་མང་པོ་ཞིག་ཐོས་མྱོང་། ངས་ཀྱང་མ་ཎི་འདོན་བཞིན་ཁྱིམ་དུ་སོང་།
ང་རང་ནང་དུ་འབྱོར་ནས་ཨ་ཕ་ལ་ཨ་ཅེ་ཨ་ཞང་ཚང་དུ་མེད་ཚུལ་བརྗོད་པ་ན། ཨ་ཕས་ཐུག་པ་འཐུང་མཚམས་བཞག་སྟེ“དེས་ན་ཁྱོད་ཀྱིས་རྡོ་རྗེ་ཚང་གི་ནང་དུ་བལྟས་མེད་དམ”ཞེས་དྲིས་ནས་མ་རང་པའི་རྣམ་འགྱུར་ཞིག་བསྟན་པས། ང་རང་འཕྲལ་དུ་རྡོ་རྗེ་ཚང་ལ་འགྲོ་དགོས་ཁེལ། རྡོ་རྗེ་ཚང་དང་ངེད་ཚང་གི་བར་དུ་ཐག་ཅུང་རིང་བས། ད་ཐེངས་ངའི་རོགས་སུ་ཨ་ཅེ་བར་མ་ཡོད། ངེད་གཉིས་དམིགས་བསལ་གྱི་སྐད་ཆ་མེད་པར་རྡོ་རྗེ་ཚང་གི་སྒོ་རའི་མཚམས་སུ་འབྱོར། ཨ་ཅེ་བར་མས་ཉི་གློག་གསལ་གྱིར་ལེར་འཕྲོས་པའི་སྒེའུ་ཐད་དུ་ཁ་བཏད་དེ་བོས་པ་དང་། ཁོ་ཚང་གི་མ་རྒན་སྒོ་རུ་དོན་བྱུང་། ཨ་ཅེས་བར་མས་མོ་ལ་ཨ་ཅེ་ལྷ་མོ་དེར་ཡོད་མེད་དྲིས་པ་ན། མོས་ཨ་ཞང་ལྟར“ལྷ་མོ་ག་དུས་ཕྱིར་འབྱོར་བ་རེད”ཅེས་ཕྱིར་ལྡོག་འདྲི་བྱས། མོའི་སྐད་ལ་ཅུང་ཧ་ལས་པའི་གདངས་ཤིག་འདྲེས་འདུག
ངེད་གཉིས་ལམ་སེང་ཕྱིར་ནང་དུ་ལོག ཚུར་ལོག་ཞོར་དབང་འདུས་ཚང་ལ་སྐད་ཆ་དྲིས་མོད། འོན་ཀྱང་གོང་གི་ཡ་ལན་དེ་ལས་ཅི་ཡང་མ་ཐོབ།
ངེད་གཉིས་ཀྱིས་ཨ་ཕ་ལ་རྡོ་རྗེ་ཚང་ལ་མེད་པའི་ཐོག ཚུར་ཞོར་དབང་འདུས་ཚང་ལ་སོང་རུང་ཨ་ཅེ་མ་རྙེད་པའི་སྐོར་ཞུས་པ་ན། ཁོང་ལ་གློ་བུར་གྱི་ཁོང་ཁྲོ་དྲག་པོ་ཞིག་འཕར་ནས་ཡར་ལངས་པ་དང་། “འདྲེ་མོ་དེའི་བྱེད་སྟངས་ལ་ལྟོས་དང་། ངས་ལྟད་མོ་ལྟོས་ཨ”ཞེས་བརྗོད་དེ་སྒོ་ཕྱིར་དོན་པ་དང་། མར་དོན་ཁར“ཁྱོད་གཉིས་ཚེ་རྡོར་ཚང་དུ་སོང་ནས་ལྟོས་ཤོག”ཅེས་མངགས།
དེ་ལྟར་ང་ཚོས་ནམ་ཕྱེད་བར་དུ་ཉེ་འཁོར་གྱི་དུད་ཚང་ཡོད་དོ་ཅོག་ལ་ཕྱིན་ནས་བཙལ་རུང་ཨ་ཅེ་མ་རྙེད། ནམ་ཕྱེད་ཡོལ་ཙམ་ལ་ང་ཚོ་ཁྱིམ་དུ་འཛོམས་དུས། ཨ་མས“མོ་ལ་གནས་ཚུལ་འདྲ་ལྷག་པ་ཨེ་ཡིན། གྲོང་པའི་མི་གཞན་རྣམས་བོས་ཏེ་འཚོལ་དགོས”ཞེས་སྨྲས་པར། ཨ་ཕས“མོའི་བྱེད་སྟངས་ལ་ལྟོས་དང་། སྐྱུར་ཤོག འགྲོ་ས་ཅི་འདུག་ལྟ་དགོས”ཞེས་བཤད། ཨ་ཕའི་སྐད་གདངས་ལ་ཁོང་ཁྲོ་ཞི་མི་མེད་པས་ཨ་མས་ཀྱང་མུ་མཐུད་མང་པོ་ཞིག་བརྗོད་མ་ཕོད་པར་ཉལ།
དེ་ནུབ་མཚན་ཧྲིལ་བོར་ང་རང་གཉིད་གཏན་ནས་མ་ཁུག ངས་སྔོན་ཆད་ཐོས་མྱོང་བའི་འདྲེ་སྒྲུང་ཐམས་ཅད་དྲན་ནས་ཨ་ཅེ་འདྲེ་ཡིས་ཁྲིད་པ་ཡིན་སྲིད་བསམས་ནས་སེམས་ཁྲལ་ཚད་མེད་སྐྱེས། ཨ་ཕ་ཡང་ནམ་རྒྱུན་ལྟར་སྡུར་པ་འུར་རེར་མ་ཡིན་པར་ཉལ་སའི་ནང་འགྲེ་ལྡོག་ཡང་ཡང་བརྒྱབས་སོང་།
ཕྱི་ཉིན་ནམ་གསལ་ལ་མ་གསལ་གྱི་སྐབས་སུ་ཨ་ཕས་རྟ་ལ་སྒ་བཏད་དེ་གཉེན་ཚན་ཚང་དུ་ཕྱིན་སོང་། ང་ཚོས་ཀྱང་མུ་མཐུད་ཉེ་འཁོར་གྱི་གྲོང་སྡེའི་ནང་དུ་བཙལ་མོད། འོན་ཀྱང་ཨ་ཅེ་མཐོང་མཁན་གཅིག་ཀྱང་བྱུང་མི་འདུག དེ་ཉིན་ས་མ་རུབ་ཙམ་ལ་ཨ་ཕ་ཕྱིར་ནང་དུ་འབྱོར་བ་དང་། ཁོང་གིས་མཉེན་ཚན་ཚང་དུ་ཨ་ཅེ་མི་འདུག་པའི་ཚུལ་བརྗོད་དེ་ང་ཚོས་ཀྱང་མོ་རྙེད་མེད་པའི་སྐོར་ཐོས་སྐབས། ཁོང་གི་ངོ་གདོང་ལ་ཁོང་ཁྲོའི་ཚབ་ཏུ་སེམས་ཁྲལ་གྱི་རྣམ་འགྱུར་ཞིག་ཐོག་མར་མངོན་པ་དང་། དེ་འཕྲལ་གྲོང་པ་ཁྱིམ་མཚེས་ཀྱི་རྒན་པོ་དང་ཕོ་གསར་་རྣམས་རོགས་སུ་བོས་ནས་ལ་འཚོལ་ལུང་འཚོལ་བགྱིས་མོད། ཨ་ཅེའི་སོང་ཤུལ་བསྡད་རྗེས་ཙམ་ཡང་མ་རྙེད།
ང་ཚོས་བསྟུད་མར་ཉིན་མང་པོར་བཙལ་ཞིང་། ཕ་ཡུལ་གྱི་བླ་མ་གང་ཡག་ས་ནས་མོ་ལུང་ཐུགས་རྟགས་དང་སྐུ་རིམ་རིམ་འགྲོ་ཞུས་ཀྱང་། ཨ་ཅེ་རྙེད་རྒྱུ་ཕར་ཞོག ཐ་ན་མོ་མཐོང་ཐོས་བྱུང་མཁན་གྱི་མི་གཅིག་ཀྱང་མ་རྙེད། ཨ་ཕས་ད་རུང་ཤང་གི་ཉེན་རྟོག་པར་ཞུས་ནས་ཐབས་ཤེས་ཡོད་དགུ་བཏོན་རུང་ཨ་ཅེའི་སྐོར་གྱི་གནས་ཚུལ་གཏན་ནས་མ་རག་པས། ཨ་ཕས་གདོང་གི་གཉེར་རིས་མངོན་གསལ་དོད་པོས་མང་དུ་ཕྱིན་སོང་ལ། ལུས་པོའང་ཉིན་རེ་བཞིན་གུར་དུ་ཕྱིན་སོང་།
མཚན་མོ་དེ་ནས་ཨ་ཅེ་ནི་མཚོ་ནང་དུ་རྡོ་འཕངས་པ་ལྟར་གྱུར་ནས་མོའི་སྐོར་གྱི་གནས་ཚུལ་ཅི་ཡང་མེད་ཀྱང་། ང་ཚོ་ཁྱིམ་མི་ཚོས་མོ་འཚོལ་མཚམས་འཇོག་མྱོང་མེད་ལ། ལྷག་པར་དུ་ཨ་ཕས་དབུགས་ཀྱི་རྒྱུ་བ་ཆད་དེ་ལུས་ཀྱི་ཚ་དྲོད་མ་ཡལ་བར་དུ་མོ་འཚོལ་མཚམས་གཏན་ནས་འཇོག་མྱོང་མེད། ཨ་ཅེ་བོར་ནས་ལོ་འགའ་ཤས་ཕྱིན་པའི་རྗེས་སུ། ངའི་ཕུ་བོ་འབྲི་རུ་རྫོང་ནས་སློབ་མཐར་ཕྱིན་ཏེ་རྒྱ་ནག་གི་སློབ་ཆེན་ཞིག་ཏུ་ཕྱིན། ཁོ་སློབ་གྲྭའི་གུང་གསེང་ལ་ཁྱིམ་དུ་ལོག་ཐེངས་རེར་ཨ་ཕས་ཁོ་ལ“རྒྱ་ནག་ཏུ་ལྷ་མོའི་སྐོར་འདྲ་གོ་རྒྱུ་ཨེ་འདུག”ཅེས་རྒྱ་ནག་ནི་ང་ཚོའི་གྲོང་ཚོ་ལྟར་ཆུང་ཆུང་ཞིག་ཡིན་པ་ལྟར་འདྲི་ངེས་པ་དང་། ཕྱིས་སུ་ང་རང་རྒྱ་གར་དུ་ཡོང་ནས་ཁྱིམ་ལ་ཁ་པར་ནམ་བཏང་ཡང་ཨ་ཕས“དེར་ལྷ་མོའི་སྐོར་འདྲ་གོ་རྒྱུ་ཨེ་འདུག”ཅེས་འདྲི་ངེས། ངོ་མ་ཁོང་གིས་དེ་ལྟར་སྐད་ཆ་འདྲི་སྟངས་ལ་ཉན་ན། ཨ་ཅེ་ནི་ཉིན་ཤས་སྔོན་དུ་བོར་བ་ལས་ལོ་ངོ་དུ་མའི་ཡར་སྔོན་དུ་གར་སོང་ཆ་མེད་དུ་གྱུར་བ་ཞིག་མ་ཡིན་པའི་ཚོར་སྣང་ཞིག་སྟེར་ངེས། ལོ་གསུམ་གྱི་སྔོན་དུ་ཨ་ཕ་ཡུན་རིང་མལ་སར་ལྷུང་ནས་འཆི་ཁར། ཉེ་འབྲེལ་བུད་མེད་ལོ་ཆུང་རེ་ལྟ་བར་ཡོང་དུས་ཀྱང་། ཁོང་གིས་ཨ་ཅེ་ལྷ་མོ་དང་འཁྲུལ་ནས་བརྩེ་བ་དང་དྲན་པའི་གཏམ་སྣ་ཚོགས་གསུང་གི་ཡོད་པའི་སྐོར་ངས་ཁ་པར་བརྒྱུད་དེ་ཐོས་པ་དེས་ངའི་སྙིང་ལ་བཟོད་གླགས་བྲལ་བའི་ན་ཟུག་བྱིན་ལ། ད་ལྟ་འདི་ལྟར་ངས་གློག་ཀླད་ནང་དེའི་སྐོར་འབྲི་སྐབས། ལེགས་པོ་ཞིག་མ་སོས་པའི་རྨ་ཁ་རལ་བ་ལྟར་སྔར་གྱི་ན་ཟུག་དེ་སླར་ཡར་ལང་བཞིན་འདུག ངོ་མ་ཨ་ཕས་མ་ཤི་བར་ཨ་ཅེར་བསྒུགས་པ་རེད་ལ། གཅིག་བྱས་ན་ཤི་རྗེས་ཀྱང་་་།
ད་ནི་ང་རང་ཆེན་པོ་ཆགས་ཟིན་པས། སྔོན་ཆད་ལྟར་ཨ་ཅེ་འདྲེ་ཡིས་ཁྲིད་པ་རེད་སྙམ་པའི་ཞེད་སྣང་དེ་མེད་མོད། འོན་ཀྱང་ཨ་ཅེ་ལ་ཅི་ཞིག་བྱུང་བ་ཡིན་ནམ་བསམས་པའི་དྲི་བ་ཞིག་ཡང་ཡང་འཁོར་གྱི་འདུག ངས་ཨ་ཅེར་གནས་ཚུལ་སྡུག་པོ་གང་ཞིག་ལྷག་ནས་འཇིག་རྟེན་མི་ཡུལ་དང་བྲལ་བ་ཡིན་པ་ལས། མོས་ཨ་ཕའི་ཁོང་ཁྲོའི་ཚིག་འགའ་ལ་ཞེ་ནད་བཅངས་ནས་ནང་དུ་མི་ལོག་པ་ཞིག་མིན་པ་ཤེས་སྟབས། སོ་སོས་སོ་སོར་རེ་བ་སྟོང་པ་ཞིག་གི་སྣེ་མོར་འཐམ་མི་ཉན་པའི་དྲན་སྐུལ་བྱེད་ཀྱི་ཡོད་མོད། འོན་ཀྱང་ངས་རྒྱུན་པར་གསར་འགྱུར་དང་དྲྭ་ལམ་ཐོག་ལོ་ངོ་དུ་མར་གར་སོང་ཆ་མེད་དུ་གྱུར་བའི་བུད་མེད་ཅིག་སླར་རྙེད་པའི་གནས་ཚུལ་རེ་མཐོང་བ་ན། ཨ་ཅེའང་ད་ལྟ་ས་གོ་ལའི་ཡུལ་གྲུ་གང་ཞིག་ཏུ་དཀའ་སྡུག་གིས་ཉིན་མ་རེ་རེ་སྐྱེལ་བཞིན་ཡོད་པ་དང་། ཉིན་ཞིག་གསར་འགྱུར་ནང་གི་བུད་མེད་དེ་དག་ལྟར་ང་ཚོ་འཚོལ་དུ་སླེབ་ཨེ་ཡོང་སྙམ་པའི་རེ་བའི་མེ་རོ་ཞིག་སླར་ཡང་སོས་ཡོང་། །
༢༠༡༨།༢།༡༣ ཉིན།