རྒན་ངག་དབང་རྡོ་རྗེ་ནི་བཙན་བྱོལ་ནང་འཚར་ལོང་བྱུང་བའི་མི་རབས་དང་པོའི་ཁྲོད་ཀྱི་མི་ཞིག་ཡིན། ༡༩༥༩ལོར་བོད་ཀྱི་རང་དབང་ཤོར་དུས། ཁོང་གི་ཕ་མ་གཉིས་ཀྱིས་ལོ་གཉིས་གསུམ་ལས་མ་སོན་པའི་ཁོང་རྒྱབ་ཏུ་ཁུར་ནས་རྒྱ་གར་ལ་བྲོས་རྗེས། གཅིག་གི་གཞུག་ཏུ་གཅིག་གྲོངས་ནས་ཁོང་ས་གནམ་གཉིས་མ་གཏོགས་ངོ་མི་ཤེས་པའི་དྭ་ཕྲུག་ཏུ་གྱུར། འོན་ཀྱང་སྟབས་ལེགས་པ་ཞིག་ལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧ཏཱ་ལའི་བླ་མས་ཁོང"ཐལ་བའི་ཁྲོད་ནས"བསྒྲུགས་ཏེ་ཤེས་ཡོན་གྱི་གོ་སྐབས་བསྩལ་བ་ལྟར། ཁོང་གིས་ཀྱང་གོ་སྐབས་དེ་དམ་འཛིན་གྱིས་རྒྱ་གར་གྱི་སློབ་གྲྭ་སྤུས་ལེགས་འགའི་ནང་སློབ་གཉེར་གནང་བ་མ་ཟད། ལྷག་པར་དུ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཧ་ཝར་ཏྲི་གཙུག་ལག་མཐོ་སློབ་(Harvard)ནས་སྤྱི་ཚོགས་སྲིད་ཇུས་དང་ལས་འཆར(Social policy and planing)ཐོག་ཞིབ་འཇུག་ཕྱག་ཁྱེར་བླངས། ཁོང་གིས་བོད་ཕྲུག་ཁྱིམ་སྡེའི་ནང་ཐོག་མར་དགེ་རྒན་དང་། དེ་ནས་རྒན་ཆེ། སློབ་སྤྱི། སྤྱི་ཁྱབ་ཤེས་ཡོན་འགན་འཛིན། ཡང་དེ་རྗེས་ཏཱ་ལའ་བླ་མའི་མཐོ་སློབ་དབུ་འཛུགས་གནང་མཁན་གྱི་སློབ་སྤྱི་བཅས་གནང་སྟེ་ཁྱོན་བསྡོམས་མི་ལོ་བཞི་བཅུ་ལྷག་བཙལ་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་ལ་ཞབས་ཞུ་བསྒྲུབས་ཡོད། ད་ལྟ་ཁོང་བགྲས་གཡོལ་ཞུས་ནས་བཟའ་ཟླ་ཡིད་ཤེས་སྒྲོལ་དཀར་དང་ལྷན་དུ་ལྷོ་ཕྱོགས་བྷེ་ཀོབ་གཞིས་ཆགས་སུ་བཞུགས་མུས་ཡིན།
ཁོང་གི་མི་ཚེ་དང་ལྟ་བའི་སྐོར་ཞིབ་པར་རྒྱུས་ལོན་བྱེད་འདོད་ན། བཅར་འདྲི་ལ་གཟིགས་རོགས།
རང་ཐར།
ཐོག་མར་རྒན་ལགས་ཀྱིས་ངའི་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁོ་བོ་ལ་མཚོན་ན་འདི་ལྟ་བུའི་བཅར་འདྲི་བྱེད་པ་ད་ཐེངས་འདི་ཐོག་མ་ཡིན་པས། དྲི་བ་མི་འཚམ་པའམ་ནོར་བ་འདྲ་བཏང་ན་དགོངས་ཡངས་གནང་རོགས། དེ་ནས་ངས་དྲི་བ་བཅུ་གཅིག་གྲ་སྒྲིག་བྱས་ཡོད་པ་རྣམས་གཙོ་བོ་རྒན་ལགས་ཀྱི་མི་སྒེར་གྱི་འཚོ་བ་དང་ཚོར་བ (Personal questions) དང་འབྲེལ་ཡོད། དེའི་རྒྱུ་མཚན་ནི་ངས་བཙལ་བྱོལ་ནང་གི་མི་རབས་རྒན་པ་ཚོའི་འཚོ་བར་རྒྱུས་ལོན་ཏོག་ཙམ་ཞིག་བྱེད་འདོད་པས་ཡིན།
-
དྲི་བ། ༡ ཐོག་མར་རྒན་ལགས་ཀྱིས་སློབ་གཉེར་དང་ཕྱག་གནང་བའི་རྒྱུད་རིམ་དང་སྦྱར་ནས་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་གནང་རོགས།
ལན་: རྒན་ངག་དབང་རྡོ་རྗེ། ངའི་མི་ཚེའི་ལོ་རྒྱུས་དེ་བཤད་ན། ༡༩༥༩ལོར་ང་ཚོའི་བོད་ཤོར་ནས་རྒྱ་གར་དུ་སྐྱབས་བཅོལ་དུ་བྲོས་ཡོང་བ་རེད། སྤྱིར་བཏང་ང་རང་སོ་སོའི་ཕ་ཡུལ་བཀྲས་གླིང་ཞེས་པར་སྐྱེས་པ་རེད། ཡིན་ཡང་ཕ་གིར་བོད་རང་ལ་འཚར་ལོང་དང་སྤྱི་ཚོགས་ཀྱི་མི་ཚེ་སྐྱེལ་རྒྱུ་ཁྱོན་ནས་བྱུང་ཡོད་མ་རེད། ཆུང་ཆུང་ལོ་གཉིས་གསུམ་ནས་རྒྱ་མིས་མ་ནས་ཡར་ང་ཚོ་བོད་དེ་དབང་དུ་བསྡུས་ཙང་། ང་ཚོའི་གྲོང་གསེབ་བམ་ཕ་ཡུལ་ནས་པ་ལགས་དང་ཨ་མ་ལགས་ཀྱིས་ང་སྒལ་པར་ཁུར་ནས་རྒྱ་གར་ལ་བྲོས་ཡོང་བ་རེད། ཡིན་ཙང་བོད་དུ་སྐྱེས་ཀྱང་བོད་ལ་སོ་སོའི་མི་ཚེའི་འགྲོ་སྟངས་ཐོག་ལ་ལོངས་སུ་སྤྱོད་ཐུབ་ཡོད་མ་རེད། ཨི་ནི་ཆུང་ཆུང་ནས་རྒྱ་གར་ལ་བསླེབས། ང་ཚོ་སྒང་ཏོག་གི་ཕུ་ནས་ཡོང་བ་རེད། སྐབས་དེར་འབྲས་ལྗོངས་རང་བཙན་ལུང་པ་རེད། ངའི་པ་ལགས་དང་ཨ་མ་ལགས་ཀྱིས་ང་སྒལ་པར་ཁུར་ནས་ང་ཚོའི་ཕ་ཡུལ་གཅིག་པ་བྱས་པ་དང་མཉམ་དུ་བྲོས་ནས་༥༩ལོར་འབྲས་ལྗོངས་ཀྱི་ཕུ་ལ་འབྱོར། དེ་ནས་འབྲས་ལྗོངས་ཀྱི་ཕུ་ལ་དཀའ་ངལ་ཞེ་བུ་ཞིག་ཕྲད་ཡོད། སོ་སོའི་ཕ་ཡུལ་བཞག་དགོས་ཡ་དང་། ཡང་མིའི་ལུང་པར་གྱར་ཡ། ཡང་སོ་སོའི་མི་ཚེ་འགོ་ནས་འགོ་འཛུགས་དགོས་དུས་སེམས་དང་ལུས་གཉིས་ཀར་སྡུག་བསྔལ་ཞེ་བོ་ཞིག་ཡོད་ཙང་མུ་མཐུད་གནས་ཐུབ་མི་འདུག ངའི་པ་ལགས་དང་ཨ་མ་ལགས་གཅིག་གི་གཞུག་ཏུ་གཅིག་གྲོངས་ནས་ང་ལོ་གསུམ་བཞི་ལ་མིའི་ལུང་པར་སྐྱབས་བཅོལ་བ་ས་དང་གནམ་མ་གཏོགས་ངོ་མི་ཤེས་པ་ཞིག་ཆགས་ནས་མི་ཚེ་དེ་ནས་འགོ་ཚུགས་པ་རེད། ཡིན་ཡང་དེའི་སྐབས་༧སྐྱབས་མགོན་རིན་པོ་ཆེས་གསར་དུ་འབྱོར་མ་ཐག་ལ་བོད་ཀྱི་མ་འོངས་པའི་སོན་རྩ་ཕྲུ་གུ་དེ་དག་གལ་ཆེན་པོ་རེད་གསུངས་ནས་གཙོ་བོ་དེའི་ཐོག་དགོངས་བཞེད་ཆེན་པོ་བཞེད་ཅིང་། གཞུང་ཞབས་འདྲ་མ་འདྲ་ལ་ང་ཚོ་བོད་པ་བྱང་ཕྱོགས་ལ་དྭགས་ནས་ཨ་སམ་བར་གང་དུ་གྱར་ཡོད་ཀྱང་་ཕྲུ་གུ་དེ་དག་རུག་རུག་བཟོས་ཞེས་བཀའ་གནང་བ་དང་། དེའི་ཁོངས་གཏོགས་སུ་ང་ཚུད་པ་རེད། བྱས་ཙང་ང་སྒང་ཏོག་ནས་མར་རྡ་རམ་ས་ལ་བསྐྱལ་བ་རེད། ཨི་ནི་རྡ་རམ་ས་ལ་ནས་ངའི་མི་ཚེ་དངོས་སུ་འགོ་ཚུགས་ཤིང་སློབ་གྲྭ་འདྲ་མིན་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་རག་པ་རེད། ཐོག་མར་དེང་སང་ང་ཚོས་བོད་ཕྲུག་ཁྱིམ་སྡེ་ཟེར་བ་དེ་སྔོན་མ་༥༩དང་༦༠གཡས་གཡོན་ལ་བུ་བཅོལ་ཁང་ཟེར་ནས་བོད་པའི་ཕྲུ་གུ་རྣམས་གསོ་སྐྱོང་བྱེད་སའི་སྡེ་ཚན་ཞིག་ཆགས་བསྡད་པ་དེར་འབྱོར་སོང་། དེ་ནས་རྡ་རམ་ས་ལར་ལོ་གཅིག་གཉིས་ཤིག་བསྡད་པ་དང། དེ་ནས་མ་སུ་རི་བོད་ཁྱིམ་སྤྱི་ལོ༡༩༦༢ལོར་དབུ་འཛུགས་གནང་སོང་། དེའི་དབུ་འཛིན་གཙོ་བོ་དེ་ཨ་མ་ཕྲེང་རིང་ལགས་རེད། ང་ཚོའི་གྲལ་དུ་སློབ་ཕྲུག་དྲུག་བཅུ་ཙམ་གདམ་སྒྲུག་གནང་ནས་མ་སུ་རུ་དབུ་འཛུགས་གནང་བའི་སློབ་ཕྲུག་དང་པོའི་གྲལ་རེད། མ་སུ་རི་བོད་ཁྱིམ་ལ་ངའི་མི་ཚེའི་དངོས་གཞི་འདྲ་དེ་གཞི་ནས་འགོ་ཚུགས་ཏེ་སློབ་སྦྱོང་རག་པ་རེད། དེར་ལོ་ཁ་ཤས་ཤིག་བསྡད་ཚར་བའི་རྗེས་ལ་ཡང་དམིགས་བསལ་གྱི་གོ་སྐབས་ཤིག་རག་པ་རེད། དེ་ག་འདྲ་ཞིག་རེད་ཟེར་ན། དེའི་སྐབས་དེར་ཨ་མ་ཕྲེང་རིང་ལགས་ཀྱིས་ཁྱིམ་ཚང་ཁག(ཁྱིམ་ཚང་གསུམ་ཡོད།)གི་སློབ་ལོ་སོན་པ་དང་ལོ་ཚད་ཏག་ཏག་ལོན་པའི་སློབ་ཕྲུག་རྣམས་གདམ་སྒྲུག་བསྐྱོན་ནས་ང་ཚོ་རྒྱ་གར་སྒེར་གྱི་སློབ་གྲྭ་ཞིག་ལ་བཏང་གནང་བ་རེད། སློབ་གྲྭ་དེའི་རིགས་རྒྱ་གར་ནང་སྤུས་དག་པའི་གྲལ་རེད། དེ་འདྲ་ཞིག་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་རག་པ་རེད། ང་ཐོག་མར་(Bramleigh Towers)ཞེས་པའི་སློབ་གྲྭ་དེར་ལོ་གཅིག་བསྡད་པ་རེད། དེ་ནས་ཡང་སློབ་གྲྭ་བརྗེ་བོ་བརྒྱབས་ནས་མར་དྷ་ར་རྡུན་གཡས་གཡོན་དུ་སན་ཏྲི་ཇོ་སིབ་(St. Joseph’s Academy)ཞེས་པའི་སློབ་གྲྭ་ཡག་པོ་ཞིག་ཡོད་པར་བཏང་གནང་སོང་། ངའི་སློབ་སྦྱོང་གི་ལྟེ་བ་དེ་ནས་རག་པ་རེད། དེ་ནས་འཛིན་གྲྭ་བརྒྱད་པ་ཙམ་ཡར་ཡོང་དུས། ཡང་སླབ་གྲྭ་བརྗེ་བོ་བརྒྱབས་ནས་ཡང་བསྐྱར་མ་སུ་རིར་ལོག་ཅིང་། དེར་སན་ཏྲི་ཇོ་སིམ་མཐོ་སློབ(St. George’s College)ཞེས་པ་ནས་སློབ་གྲྭ་ཐོན་པ་རེད། སློབ་གྲྭ་དེ་དག་ཡར་མར་འབྲེལ་བ་ཡོད་པ་ཞིག་རེད། སྤྱི་ལོ༡༩༧༢ལོར་སློབ་གྲྭ་ནས་ཐོན་ཅིང་། དེ་བར་སློབ་གྲྭའི་ནང་མི་ཚེ་བསྐྱལ་བ་རེད། དེ་ནས་རྡ་རམ་ས་ལ་ཕར་ཕྱིན་པ་ཡིན།། མཐོ་སློབ་ཏུ་མ་འགྲོ་གོང་ལ་རྡ་རམ་ས་ལ་ཟླ་བ་དྲུག་བདུན་གྱི་གུང་གསེང་ཞིག་ཡོད་པ་དེའི་སྐབས། ང་ཚོ་བུ་གཅོལ་ཁང་དུ་འཚར་ལོང་བྱུང་བའི་གཞོན་གཞོན་རྣམས་ཉམས་མྱོང་དང་སྦྲགས་ཞབས་ཞུ་དང་དང་ལངས་བྱེད་འདོད་མཁན་ཚོ་ལ་གོ་སྐབས་རག་གི་ཡོད། དེའི་ནང་ངས་གོ་སྐབས་ཤིག་བླངས་ནས་སོ་སོས་གང་ཤེས་པ་རྣམས་སློབ་གྲྭའི་ནང་བསླབས་པ་ཡིན། སློབ་ཚན་དང་རྩེད་མོ་རེད། དེར་ཉམས་མྱོང་ཞིག་བསགས་ཤིང་། དེ་ནས་ང་མཐོ་སློབ་ཏུ་ཕྱིན་པ་ཡིན། མཐོ་སློབ་དེ་རྡོར་གླིང་(Darjeeling)ལ་རེད། ལོ་གསུམ་གྱི་མཐོ་སློབ་དེ་རྡོར་གླིང་གི་སན་ཏྲི་ཇོ་སིབ་མཐོ་སློབ་(St.Joseph’s college)ལ་བྱས་པ་ཡིན། དེ་ནས་སྤྱི་ལོ༡༩༧༦ལོར་ཐོན་པ་རེད། དེ་དུས་TCVདེ་བོད་ཕྲུག་ཁྱིམ་སྡེ་རང་ཆགས་ཡོད་ཅིང་། སློབ་གྲྭའི་ཆ་རྐྱེན་ཆ་ཚང་ཡོད་པ་ཆགས་ཙང་། ང་ལ་གུང་གསེང་ག་དུས་བྱུང་རུང་རྡ་སྟེང་བོད་ཁྱིམ་དུ་གཏོང་བར་འགྲོ་ཡི་ཡོད། ང་མཐོ་སློབ་ཐོན་ཚར་བ་དང་རྡ་སྟེང་ཐོག་ཁ་རང་ཞབས་ཞུ་ཞུས་པ་ཡིན། དེའི་བར་ལ་དགེ་རྒན་འོས་སྦྱོང་(B.Ed) བྱས་ཤིང་། དགེ་རྒན་གྱི་ཆ་རྐྱེན་དེ༧༨ཙམ་ལ་ཆ་ཚང་ཚང་ཡོད། ངས་མུ་མཐུད་བོད་ཕྲུག་ཁྱིམ་སྡེ་རང་ལ་ཞབས་ཞུ་ཞུས་བསྡད་པ་ཡིན། ཐོག་མར་དགེ་རྒན་བྱས་པ་ཡིན། ཕྲུ་གུ་ཚོ་ལ་རྒྱལ་རབས་ལོ་རྒྱུས་དང་ཨིན་ཇི་སློབ་ཀྱི་ཡོད། ཡང་དགོང་མོ་དག་ལ་གཏམ་བརྗོད་བསླབས་ཤིང་རྩེད་མོའང་བསླབས་པ་ཡིན། གང་ལྟར་སློབ་གྲྭ་ཤིན་ཏུ་གུ་ཡངས་པོ་ཡོད། རྒན་ལགས་ཤིག་གིས་བྱེད་འདོད་པ་ག་རེ་ཡོད་ཀྱང་སོ་སོའི་ངོས་ནས་དང་ལངས་ཀྱིས་རྩལ་སྟོན་འདོད་དང་ཕྲུ་གུ་མཉམ་དུ་འབྲེལ་བ་བྱས་ན། གུ་ཡངས་ཆེན་པོ་ཞེ་བུ་ཡོད། ངས་གོ་སྐབས་ཚང་མ་བླངས་ནས་ཕྲུ་གུ་ཚོར་སློབ་ཚན་དང་། གཏམ་བརྗོད། རྩེད་མོ་བསླབས་ནས་འཁྲུག་པོ་ཞེ་དྲག་བྱས་ཏེ་བསྡད་པ་ཡིན། (འདིར་སྟོང་ཆ་ཞིག་ཡོད།) དེ་དུས་བོད་ཕྲུག་ཁྱིམ་སྡེ་ཨ་ལོག་རྒྱག་བཞིན་ཡོད། ༧༤དང་༧༥ཙམ་བར་དུ་བོད་སློབ་འཛིན་སྐྱོང་ཚོགས་པས་རོགས་པ་བྱས་པ་རེད། TCV སློབ་གྲྭ་ཡིན་པ་གང་ཞིག་ལ་ཡང་སློབ་ཕྲུག་ཚོ་ལ་ཤེས་ཡོན་སྤྲོད་མཁན་གྱི་དགེ་རྒན་ཚོའི་གསོལ་ཕོག་དང་། འཛིན་གྲྭའི་ཆ་རྐྱེན་(stationary)དག་གི་འགྲོ་སོང་། ད་ག་ནང་བཞིན་དམིགས་བསལ་དེའི་སྐབས་སུ་བོད་པའི་སྤྱི་ཚོགས་རང་ལ་ཤེས་ཡོན་འཛིན་སྐྱོང་བྱེད་པའི་ཉམས་མྱོང་ཞེ་དྲག་མེད་པ་སོང་ཙང་རྒྱ་གར་རྒན་ཆེ(Headmaster)ཞིག་བཏང་ཡོད་པ་ཚང་མ་བོད་སློབ་འཛིན་སྐྱོང་ཚོགས་པས་བྱེད་ཀྱི་ཡོད། དེ་ལྟར་འགྲོ་བཞིན་པའི་སྐབས་ཤིག་ལ༧༤དང་༧༥་ལ། ང་ཚོ་བོད་ཕྲུག་ཁྱིམ་སྡེའི་དོན་གྱི་བདག་པོ་ལྷ་ལྕམ་སྐུ་ཞབས་རྗེ་བཙུན་པདྨ་ལགས་ཀྱིས་བོད་སློབ་འཛིན་སྐྱོངས་ཚོགས་པའི་རོགས་རམ་དེ་ཞུ་མི་དགོས་པར་བྱས་ནས་འཚོ་བ་རང་སྐྱོང་གནང་བའི་ཐོག་དགོངས་བཞེད་གནང་སོང་། དེ་དགོངས་བཞེད་གནང་ཙང་བོད་ཕྲུག་ཁྱིམ་སྡེ་ཁམས་གཙང་ལོགས་སུ་དོན་པ་རེད། དེ་བྱས་པས་རྒན་ཆེ་དང་ལས་བྱེད་ཀྱི་ཕོག གང་ཅིའི་ཐོག་ཚོགས་པ་རང་གིས་བདག་པོ་རྒྱག་དགོས་པ་རེད། དེ་འདྲའི་ཐོག་ལ་སྐུ་ལས་བསྐྱོན་གནང་སོང་བ་དང་། རྒྱ་གར་རྒན་ཆེ་དེ་མར་འཐེན་དུས། ང་ཚོ་གཞོན་གཞོན་ནང་ལོགས་ནས་ལྷ་ལྕམ་སྐུ་ཞབས་ཀྱིས་ད་ཁྱོད་རང་སློབ་གྲྭའི་རྒན་ཆེ་བྱོས་ཞེས་བཀའ་གནང་ཅིང་གློ་བུར་དུ་ང་རྒན་ཆེ་ཆགས་པ་རེད། ཨི་ནི་རྒན་ཆེ་ལོ་དྲུག་བདུན་ཞིག་བྱས་པ་ཡིན། དེ་ནས་༨༣ལོར་ང་ཚོའི་སློབ་སྤྱི་ཟུར་པ་དེ་དགོངས་པ་ཞུས་པ་རེད། ཡང་ཁྱོད་རང་སློབ་སྤྱི་བྱོས་ཟེར་ནས་སློབ་སྤྱིའི་ལས་ཀའམ་གོ་གནས་དེའི་ཐོག་བརྒྱད་དགུ་ཞིག་ལ་ཞབས་ཞུས་བྱས་པ་ཡིན། དེ་ནས་༡༩༨༩འམ་༩༠ཙམ་ལ་ཨི་མི་རི་ཀར་སློབ་སྦྱོང་བྱེད་པའི་གོ་སྐབས་དེ་ཐོན་པ་རེད། དེའི་སྐབས་གཉིས་པ་ལ་ཡིག་ཚད་བཏང་ནས་ང་ཚུད་པ་རེད། དེ་ནས་ཕར་ཕྱིན་པ་དང་སློབ་སྦྱོང་གི་རྐང་དེ་ཞིབ་འཇུག་རེད། ངས་ཤེས་ཡོན་དང་འབྲེལ་བའི་ཞིབ་འཇུག་བྱེད་ས་དེ་ཨ་རིའི་ནང་སྐད་གྲགས་ཡོད་པའི་ཧ་ཝར་ཊི་མཐོ་སློབ་(Harvard University)རེད། དེ་ནས་༩༡ལོར་ཐོན་པ་རེད། སློབ་སྦྱོང་ཐོན་ཚར་བ་དང་ཤར་རྒྱག་བོད་ཕྲུག་ཁྱིམ་སྡེར(TCV)་མུ་མཐུད་ཞབས་ཞུ་བྱེད་དུ་ཚུར་བཅར་བ་ཡིན། དེ་རྗེས་ལྷ་ལྕམ་སྐུ་ཞབས་ཀྱིས་ང་ལ་ཡང་ད་ཁྱོད་རང་སློབ་སྤྱི་བྱེད་དགོས་མ་རེད། ད་ནི་ང་ཚོ་ཡན་ལག་གང་འཚང་ཆགས་ཡོད་ཙང་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་གྱི་སྒྲོམ་གཞི་དང་། སློབ་གཞི་གང་དགོས། དགེ་རྒན་གྱི་སྤུས་ཚད་ལྟ་ཡ་ལྟ་བུའི་ལས་ཀ་བྱེད་དགོས་ཟེར་ནས་ཤེས་ཡོན་སྤྱི་ཁྱབ་འགན་འཛིན་ཡིག་ཚང་ཞེས་པའི་ཡིག་ཚང་གསར་པ་ཞིག་བཙུགས་པ་རེད། དེ་ནི་ཚོགས་པ་གཅིག་པ་ཡིན་པ་གང་ཞིག་ལ་ལས་རིགས་ཐོག་ནས་མ་འདྲ་བ་ཆགས་པ་ཞིག་རེད། དེའི་ཐོག་ངས་TCVལ་ལོ་མང་པོ་ཞབས་ཞུ་བྱས་པ་ཡིན། ཕལ་ཆེར་ལོ་༢༢ཙམ་ཤེས་ཡོན་འགན་འཛིན་གི་གོ་གནས་ཐོག་ལས་ཀ་བྱས་པ་ཡིན། དེ་ནས་༢༠༠༦ཙམ་ལ་བོད་ཕྲུག་ཁྱིམ་སྡེ་རང་གིས་བོད་པའི་སྤྱི་ཚོགས་ལ་མཐོ་སློབ་དང་པོ་འཛུགས་པའི་ལས་གཞི་བཏིང་གནང་བ་རེད། འཆར་གཞི་དེ་སྔོན་ནས་ཡོད། ཡིན་ནའང་སྒྲོམ་གཞི་དང་རྒྱུ་རྐྱེན་ཚང་མ་འཛོམས་པ་དེ་༢༠༠༧དང་༨ལ་ཆགས་ཤིང་། ཡང་ཤེས་ཡོན་ཐོག་ནས་ཉམས་མྱོང་ཆེས་ཤོས་དེ་ཁྱོད་རང་ཡིན་ཙང་། མཐོ་སློབ་དེ་འཛུགས་པར་ཁྱོད་རང་རྒྱུགས་ཟེར་ནས་ང་ལ་བཀའ་གནང་བས། ༢༠༠༨ཀྱི་སྤྱི་ཟླ༡ནང་ང་བྷེང་ལོར་དུ་སྤོས་ཤིང་། མཐོ་སློབ་ཀྱི་འགོ་བཙུགས་པ་ཡིན། དེ་དུས་ས་རྟགས་རྡོ་རྟགས་མ་གཏོགས་གང་ཡང་ཡོད་མ་རེད། འཆར་གཞི་ཚང་མ་གཞི་ནས་རེད། ཨི་ནི་ཨར་པོ་རྒྱག་གིན་རྒྱག་གིན་ཤེས་ཡོན་གྱི་ལས་རིམ་དེ་དག་བང་སྒྲིག་དགོས་པའི་ཐོག ཡང་ལས་བྱེད་དང་དགེ་རྒན་མཁོ་སྒྲུབ་བྱེད་དགོས་པ་དང་། སློབ་ཕྲུག་ཡར་འཛུད་ཚུལ་ཐོག་འགྲོ་སྟངས་འགྲོ་ལུགས་ཀྱང་བཟོ་དགོས། གང་ལྟར་དེ་འདྲ་བྱས་ནས་ཐོག་མར་འགོ་འཛུགས་དུས། ལས་བྱེད་༡༤ཙམ་དང་སློབ་ཕྲུག༧༤ཡོད་ཅིང་། ༢༠༠༨ནས་འགོ་ཚུགས་པ་རེད། ༢༠༠༩ལ༧སྐྱབས་མགོན་རིན་པོ་ཆེ་ཞབས་གསོལ་འཁོད་དེ་དམིགས་བསལ་དབུ་འབྱེད་མཛད་སྒོ་ཚོགས་པ་རེད། སྤྱི་ཟླ་གཉིས་པའི་ཚེས༡༦། དེའི་སྔོན་ལ་བོད་ཕྲུག་ཁྱིམ་སྡེ་མཐོ་སློབ(TCV College)ཟེར་མོད། དབུ་འབྱེད་མཛད་སྒོ་དེའི་རྗེས་ལ་༧སྐྱབས་མགོན་རིན་པོ་ཆེའི་ཞལ་བཞེད་ཐོག་ཏཱ་ལའི་བླ་མའི་མཐོ་སློབ་ཅེས་པའི་མིང་དེ་གནང་ཞིང་། ད་ལྟ་ང་ཚོ་དེའི་ཐོག་འགྲོ་བཞིན་པ་ཞིག་རེད། དེའི་ལས་ཀ་དེ་ངས་ལོ་ལྔ་ཙམ་བྱས་ཤིང་། དེ་ནས་༢༠༡༢ལོར་སློབ་སྤྱིའི་ལས་ཀ་དེ་བཞག་ཅིང་། ལོ་གཉིས་གསུམ་ཞིག་ལ་དེར་མུ་མཐུད་ནས་དགེ་རྒན་བྱས་ནས་བསྡད། དེ་ནས་TCVཡི་སྒྲིག་འཛུགས་གཞིར་བཟུང་ལྟར་༢༠༡༦ལོར་རྒན་གཡོལ་ཞུས་པ་ཡིན། དེ་ལྟར་ངས་TCVལ་ཞབས་ཕྱི་ཞུ་འགོ་བཙུགས་ནས་རྒན་ཆེ་དང་སློབ་སྤྱི། སྤྱི་ཁྱབ་ཤེས་ཡོན་འགན་འཛིན་དང་མཐོ་སློབ་ཀྱི་སློབ་སྤྱི་བཅས་སྐོར་བ་འདྲ་བོ་ཞིག་ཆ་ཚང་ཐེབས་སོང་། ཨི་ནི་བགྲས་གཡོལ་ཞུས་ན་ཏག་ཏག་བསྡད་པ་འདྲ་བོ་ཞིག་རེད། གང་ལྟར་ཁྱོན་བསྡོམས་ན། ཚོགས་པ་དེའི་ནང་ལོ༤༠ལྷག་ཙམ་ཞིག་ལ་ངས་ཞབས་ཕྱི་ཞུས་པ་རེད། ངའི་མི་ཚེའི་ལོ་རྒྱུས་མང་ཆེ་བ་བོད་ཕྲུག་ཁྱིམ་སྡེའི་ནང་ག་འདྲ་བྱས་ནས་བསྐྱལ་བའི་ཐོག་མ་གཏོགས་གཞན་དག་ང་ལ་དམིགས་བསལ་བཤད་རྒྱུ་ཞིག་ཡོད་མ་རེད། རྐང་ད་ག་རང་རེད། ཕལ་ཆེར་དེས་འཐུས་མི་ཡོང་ངམ། རང་ཐར།
-
དྲི་བ། ༢ ཕ་མ་སྤུན་མཆེད་ཀྱི་གཅེས་སྐྱོང་དང་བརྩེ་སེམས་མེད་པར་བཙན་བྱོལ་ནང་འཚར་ལོང་བྱུང་བའི་བྱིས་དུས་ཀྱི་འཚོ་བ་ག་འདྲ་ཞིག་ཡིན་པའི་སྐོར་གསུངས་ན་ཆོག་གམ།
ལན་: རྒན་ངག་དབང་རྡོ་རྗེ། དེ་གིན་དྲི་བ་དང་པོའི་ལན་ནང་གང་འཚམ་ཞིག་ཚུད་ཡོད། བྱིས་པའི་སྐབས་སུ་སྒེར་གྱི་མི་ཚེ་ལ་སོ་སོའི་ནང་འདི་ཡིན་དང་། སྤུན་མཆེད་འདི་ཡིན། ཕ་མ་འདི་ཡིན་ཟེར་ནས་ནང་ལ་སྙིང་ཉེ་བོར་སྡོད་སའི་ཁོར་ཡུག་ཅིག་རག་མེད། གང་ཡིན་ཟེར་ན། ངས་ད་གིན་ཞུས་པ་ནང་བཞིན་ངའི་པ་ལགས་དང་ཨ་མ་ལགས་བོད་ཀྱི་གནས་ཚུལ་འགྱུར་ཏེ་སོ་སོའི་ཕ་ཡུལ་ནས་སྐྱབས་བཅོལ་དུ་བྲོས་ཡོང་དུས། སེམས་སྡུག་ཆེན་པོ་བྱུང་བ་སོང་ཙང་གྲོངས་པ་རེད། ངས་ད་ག་རང་བསམ་གྱི་ཡོད། ང་རང་ཆུང་ཆུང་རེད། ཁོང་གཉིས་ག་འདྲ་བྱས་ནས་གྲོངས་པ་དང་ག་རེ་བྱས་ནས་གྲོངས་པའི་སྐོར་རྩད་གཅོད་གཏོང་ཡ་གང་ཡང་བྱུང་མ་སོང་། ཡིན་ཡང་ལོ་གང་འཚམ་ཞིག་གི་རྗེས་སུ་ཚོད་དཔག་བྱེད་དུས། གནས་ཚུལ་ཁག་པོ་ཞེ་བུ་ཞིག་གི་ཐོག་ནས་ཕ་ཡུལ་བཞག་ཅིང་། གནས་ཚུལ་དེ་འདྲ་ཞིག་གི་སྒང་དུ་ལུང་པ་གཞན་ཞིག་ཏུ་སླེབས་ཙང་། སེམས་ལ་སྡུག་བསྔལ་དང་ལུས་ལ་དཀའ་ངལ་ཞེ་བུ་ཞིག་ཕྲད་པ་རེད། སོ་སོའི་སྡོད་ས་དང་། གནས་ས། ལས་ཀ་བྱེད་ས་བཅས་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་ཞེ་བུ་ཕྲད་པས། ངའི་པ་ལགས་དང་ཨ་མ་ལགས་ཀྱིས་ཕལ་ཆེར་དེ་ཁེལ་ཐུབ་ཡོད་ས་མ་རེད། བྱས་ཙང་གཅིག་གི་གཞུག་ཏུ་གཅིག་གྲོངས་པ་རེད། ཡིན་ཙང་ངའི་པ་ལགས་དང་ཨ་མ་ལགས་གྲོངས་ཚར་བའི་རྗེས་ལ། ད་ཅིའི་ངས་ཞུས་པ་ནང་བཞིན་ང་སླེབ་ས་དེ་སློབ་གྲྭའི་སྡེ་གཅིག་ཏུ་བསླེབས་པ་རེད། ཡང་སློབ་གྲྭ་སྡེ་དེ་བུ་བཅོལ་ཁང་གི་ཆ་རྐྱེན་ཡག་པོ་གང་ཡང་མེད། གང་ལྟར་སློབ་གྲྭ་གཅིག་ནས་གཅིག་ལ་གནས་སྤོས་བྱས་ནས་མི་ཚེ་ཕྱིན་བསྡད་པ་ཞིག་རེད། བྱས་ཙང་སློབ་གྲྭ་ནང་ལ་སོ་སོའི་འཚར་ལོང་བྱེད་སྟངས་དེ་ཁྱེད་རང་གིས་མཁྱེན་མཁྱེན་པ་ཞིག་རེད། སློབ་ཕྲུག་གཞན་དག་མཉམ་དུ་བསྟུན་ཤེས་དགོས་རེེད། ང་ཚོ་ཆུང་ཆུང་སྐབས་སུ་ང་མ་སུ་རིའི་ཁྱིམ་ཚང་ནང་བསྡད་པ་རེད། ང་ཁྱིམ་ཚང་གསུམ་པའི་ནང་རེད། ཁྱིམ་ཚང་དེའི་ནང་ལ་སློབ་ཕྲུག་༢༥ཙམ་ཡོད། ཨ་ཅག་ལགས་དེ་འདྲ་ཡོད་ལ། ཅོ་ཅོ་དེ་འདྲའང་ཡོད། ང་རང་ལས་ཆེ་བ་ཡོད་ལ་ཆུང་བའང་ཡོད། འདྲ་མི་འདྲ་ཡོད་ཅིང་ཁྱིམ་ཚང་གཅིག་གི་རྣམ་པ་ཡིན་ཙང་ང་ཚོ་ཕན་ཚུན་སྤུན་མཆེད་ངོ་མ་མ་གལ་མ་རེད་མོད། ཡིན་ནའང་སྙིང་ཉེ་བོ་དང་འཆམ་པོ་ཞེ་བོ་ཡོད། འོ་ཡང་མཚམས་མཚམས་རྒྱག་རེས་ཀྱང་རྒྱག་གི་རེད་བ། འོ་དེ་འདྲ་ཞིག་གི་ཐོག་ངའི་མི་ཚེ་མང་ཆེ་བ་སློབ་གྲྭ་དང་ཁྱིམ་ཚང་། སྡོད་ཁང་ནང་བསྐྱལ་ནས་འཚར་ལོང་བྱུང་བ་ཞིག་རེད། ནང་འདི་ཡིན་ཟེར་ནས་ཕར་འགྲོ་ས་འདྲ་བོ་གང་ཡང་བྱུང་མེདས། རང་ཐར།
-
དྲི་བ། ༣ རྒན་ལགས་ཀྱི་སྐུ་ཚེའི་ནང་ཤུགས་རྐྱེན་ཆེ་ཤོས་སམ་ཆེས་བཀའ་དྲིན་ཆེ་ཤོས་ཀྱི་མི་དེ་སུ་ཡིན་པ་དང་། དེའི་རྒྱུ་མཚན་ཉུང་བསྡུས་ཞིག་གསུངས་རོགས། རྒན་ངག་དབང་རྡོ་རྗེ།
ལན་: ངའི་གནས་སྟངས་དེ་གསལ་པོ་འདྲ་ཞིག་ཆགས་སོང་བ། སོ་སོའི་པ་ལགས་དང་ཨ་མ་ལགས་ཡོད་མ་རེད། ཡིན་ཙང་སོ་སོའི་ཕ་མ་བཀའ་དྲིན་ཆེན་པོ་ཞེ་བུ་རེད་མོད། སོ་སོའི་ལས་ཀྱི་དབང་གི་ཕ་མ་མཉམ་དུ་སྡོད་པའི་གོ་སྐབས་ཁྱོན་ནས་རག་ཡོད་མ་རེད། སྤུན་སྤུན་མཆེད་དེ་འདྲ་ཡོད་སྲིད་པ་རེད། དེ་དག་དང་འབྲེལ་བ་ཆ་ཚང་བརླགས་པ་རེད། ཡིན་ཙང་ངའི་མི་ཚེའི་ནང་ལ་ང་རང་འཚར་ལོང་དང་སློབ་སྦྱོང་གི་གནས་ཚད་ཐོག་ལ་བསམ་བློ་ཤུགས་ཆེན་པོ་གཏོང་སྐབས། ངའི་སྙིང་ཁོངས་རུས་པའི་གཏིང་ནང་འཇོག་ཡ་དེ་ང་ལ་གོ་སྐབས་ཞེ་བུ་ཞིག་རག་པ་རེད། ཕ་མ་ཁྱོན་ནས་མེད་པའི་དྭ་ཕྲུག་དེ་འདྲ་ཞིག་ཆགས་བསྡད་ཡོད་མོད། ཡིན་ནའང་སློབ་སྦྱོང་རག་ཡ་དང་སློབ་གྲྭའི་ནང་སྡོད་ཡ། ཡང་སོ་སོ་འཚར་ལོང་གང་འཚམ་སྤུས་དག་པོ་ཆགས་ཡ་ཡི་རྐང་ཐུག་ས་འདྲ་བོ་དེ་༧སྐྱབས་མགོན་ཡིད་བཞིན་ནོར་བུ་རང་རེད། དབུ་འཛིན་ཡང་དག་པ་དེ་འདྲ་ཞིག་རག་དུས། སོ་སོའི་མི་ཚེ་དེ་ཐལ་ཟིང་རྦལ་ཟིང་འདྲ་བོ་ཕྱིན་པ་རེད་མོད། ཡང་ཐལ་བའི་དཀྱིལ་ནས་ཡར་བསྒྲུགས་ནས་བདག་པོ་རྒྱག་མཁན་ཞིག་ཀྱང་རག་པ་རེད། རྐང་དང་གཞི་རྩའི་སྤྱི་ཚོགས་ལ་ལྟ་རྟོག་བྱེད་ཡ་དང་ཡང་ང་ཚོ་སློབ་ཕྲུག་ཁག་ལ་གཟིགས་ཕྱོགས་དེ་དག་གཟིགས་རྒྱ་ཆེན་པོ་ཞེ་བུ་ཞིག་སྐུ་འདུན་ནས་གནང་ཡོད་པ་དང་། དེའི་བྱིན་རླབས་ཀྱིས་ང་ལ་སློབ་སྦྱོང་གི་གོ་སྐབས་རག་པ་རེད། བྱས་ཙང་ངས་སེམས་ཀྱི་རྩེད་ཕོད་ནང་ལ་དེ་འཇོག་གི་རེད། ད་ཚོགས་པའི་ནང་སྡོད་སྐབས་བཀའ་དྲིན་ཆེ་ཤོས་དེ་ཨ་མ་ཕྲེང་རིང་ལགས་རེད། ང་རྡ་སར་ཞེ་བུ་བསྡད་མེད། སྤྱི་ལོ་༡༩༦༢ལོར་མ་སུ་རུ་བོད་ཁྱིམ་དབུ་འཛུགས་གནང་བ་རེད། དེ་དུས་ང་ཆུང་ཆུང་རེད། མ་སུ་རུའི་ཁྱིམ་ཚང་ནང་ལ་སྡོད་པའི་སྐབས་དེར་དངོས་གནས་སེམས་ནང་ལ་ཚོར་བ་ཤུགས་ཆེན་པོ་སྐྱེ་ཡ་དང་། སློབ་སྦྱོང་གལ་ཆེན་པོ་ཡིན་པ། ཨི་ནི་སོ་སོའི་བོད་རང་བཙན་རྒྱ་མིས་བཙན་བཟུང་བྱས་པ་དང་ང་ཚོས་བོད་རང་བཙན་བསྐྱར་དུ་སླར་གསོ་བྱེད་དགོས་ཡ་སོགས་སེམས་ཤུགས་སྤར་ཡ་དེ་མ་སུ་རིའི་ཁྱིམ་ཚང་ལ་དཔེ་ཤུགས་ཆེན་པོ་ཡོད། དེའི་རྐང་མ་སུ་རིའི་དབུ་འཛིན་ཨ་མ་ཕྲེང་རིང་ལགས་ཞུ་མཁན་དེ་རེད། ང་ཕྲུ་གུ་ཆུང་ཆུང་སྐབས་ནས་ཁོང་དང་ལྷན་དུ་འབྲེལ་བ་བྱུང་ཡོད་ཙང། ད་ལྟ་ཡིན་ཡང་ང་རང་གི་སེམས་གཏིང་ནས་དཔེ་དགའ་ཚོར་དང་གུས་ཞབས། ཡང་སོ་སོའི་བསམ་བློའི་ནང་མོས་པ་ཞེ་བུ་སྐྱེ་ཡ་ཆགས་བསྡད་ཡོད་ཡ་དེ། ངའི་མི་ཚེའི་ནང་ང་ཚོ་མི་རྒན་པ་ལ་འབྲེལ་བ་བྱུང་བསྡད་པ་ཞིག་ཡོད་པའི་ཁྲོད་ནས་ཨ་མ་ཕྲེང་རིང་ལགས་ནང་བཞིན་མེད། ཧུབ་ཏུ་ཁར་ཐུག་པ་ཡིན་ན་ཞེད་སྣང་སྐྱེ་བ་ཞིག་ཆགས་ཡོད་ལ། ཡང་ཐུག་པ་དང་སེམས་ནང་དགའ་ཚོར་ཞིག་སྐྱེ་ཡོང་གི་འདུག ཨི་ནི་ཡང་སོ་སོའི་མི་ཚེའི་ནང་ག་དུས་ཡིན་ཡང་བཀའ་སློབ་གནང་བ་ད་ལྟ་ཡང་གསལ་པོར་དྲན་གྱི་འདུག ཁོང་གིས་གསུང་གི་རེད། དེ་དུས་ང་ཚོ་བོད་རང་བཙན་དང་སོ་སོའི་ཆབ་སྲིད་བསྟན་པའི་ཐོག་ལ་ངར་ཤུགས་ཆེན་པོ་ཞེ་བུ་ཞིག་ཡོད། ཨིན་ཇིའི་སྐད་ལྟར་མ་སོང་ནsynergyདེ་དཔེ་ཤུགས་ཆེན་པོ་ཡོད། ཚོགས་འདུ་འཚོག་དུས་དང་། མཛད་སྒོ་དང་། འཛིན་གྲྭའི་ནང་ག་དུས་ཡིན་ཡང་རང་བཙན་ལེན་དགོས་རེད་དང་། རྩ་དོན་ཐོག་ལ་ཤུགས་རྒྱག་དགོས་རེད་ཟེར་བ་དེ་ཤུགས་ཆེན་པོ་ཞེ་བུ་ཞིག་ཡོད། དེ་དུས་བཀའ་སློབ་ནང་གསུང་གི་ཡོད། ངས་ད་དུང་གསལ་པོར་དྲན་བསྡད་ཀྱི་འདུག སྣབས་རྟུག་ཅིག་ཕྱིས་པ་ཡིན་ནའང་བོད་རང་བཙན་དོན་དག་རེད་ད་ཟེར་ནས་གསུང་གི་ཡོད། དེ་འདྲའི་ནུས་ཤུགས་ཆེན་པོ་ཞིག་སྟེར་ཙང་། སློབ་གྲྭའི་ནང་ལ་སོ་སོའི་པ་ལགས་ཨ་མ་ལགས་དང་སྤུན་མཆེད་གང་ཡང་མེད་ཀྱང་། ཁྱིམ་ཚང་ཁོ་རང་ངའི་ནང་འདྲ་བོ་ཆགས་ཤིང་། དེའི་ནང་ང་ཚོའི་སྒང་ལ་བཞུགས་མཁན་དེ་ཤིན་ཏུ་སེམས་ཤུགས་ཅན་དང་། ལྷག་བསམ་ཅན། ཤེས་ཡོན་ཕྱི་ནང་གཉིས་ཀ་ལྡན་པ་དེ་ཨ་མ་ཕྲེང་རིང་ལགས་རེད། ང་ཚོ་ཕྲུ་གུ་ཆུང་ཆུང་ཡིན་པའི་སྐབས་སུ་ཁོང་གི་བཀའ་སློབ་གནང་སྟངས་དེ་ཞེ་བུ་ཞིག་མཐོང་གི་ཡོད་ལ། ཞེ་བུ་མོས་པོ་ཡོད། ཁོང་གི་ནུས་ཤུགས་དེ་ང་ལ་ཆེན་པོ་ཡིན། ཨི་ནི་ཁོང་གི་ཕྱག་ལས་གནང་སྟངས་རེད། མིག་དཔེ་སྟོན་སྟངས་རེད། དེ་ཚོ་དཔེ་ཧང་སང་ཡ་ཡག་པོ་ཡོད། ང་སློབ་གྲྭ་འདྲ་མི་འདྲར་ཕྱིན་པ་རེད་མོད་ག་དུས་ཡིན་ཡང་ངས་ཨ་མ་ཕྲེང་རིང་ལགས་དྲན་འདུག་གི་ཡོད། TCVནང་ལས་ཀ་བྱེད་པའི་སྐབས་སུ་ཨ་མ་ཕྲེང་རིང་ལགས་དྲན་འདུག་གི་ཡོད། ད་ལྟ་ང་ལོ་ཆེ་རུང་ཕྱིན་ནས་བགྲས་གཡོལ་ཆགས་ཡོད་མོད། ད་དུང་ཡང་ཨ་མ་ཕྲེང་རིང་ལགས་དྲན་འདུག་གི་ཡོད། ངའི་མི་ཚེའི་ནང་ང་རང་ལ་དངོས་གནས་སེམས་ཤུགས་སྤར་མཁན་དང་། སློབ་སྦྱོང་གནད་འགག་ཆེན་པོ་ཡིན་པ་དང་། སོ་སོའི་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་དགོས་པ་དེ་དག་ཆུང་ཆུང་ནས་ཀླད་པའི་ནང་བཟོ་ལྟ་བཟོ་མཁན་དེ་ཨ་མ་ཕྲེང་རིང་ལགས་ཡིན། རངཐར།
-
དྲི་བ། ༤ རྒན་ལགས་ཕྲུ་གུ་ཡིན་པའི་སྐབས་ཀྱི་དམིགས་ཡུལ་གང་ཡིན་ནམ། དེ་དུས་ནས་ཤེས་ཡོན་གྱི་ཐོག་ནས་བོད་ཀྱི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུའི་བསམ་པ་ཡོད་དམ། རྒན་ངག་དབང་རྡོ་རྗེ།
ལན་: དེ་ད་ཅིའི་སྔོན་གྱི་དྲི་བ་དང་འབྲེལ་བ་ཞེ་དྲག་ཡོད། མ་སུ་རིའི་ཁྱིམ་ཚང་དུ་ཨ་མ་ཕྲེང་རིང་ལགས་ཀྱིས་ང་ལ་དཔེ་ཡག་པོ་གནང་གི་རེད། དམིགས་བསལ་ངའི་སྤྱིན་བདག་བརྒྱུད་དེ་འབྲེལ་བ་ཆགས་ནས་མཇུག་ཏུ་ང་ལ་དམིགས་བསལ་གྱིས་བྱམས་པོ་གནང་གི་ཡོད། དེ་ལྟར་ང་ཆུང་ཆུང་འཛིན་གྲྭ་ལྔ་པ་དྲུག་པ་ཙམ་ནས་དམིགས་ཡུལ་དང་། རྗེས་མ་ཆེན་པོ་ཆགས་དུས་ག་རེ་བྱ་དགོས་རེད་ཟེར་བའི་སྒང་ངས་ད་གིན་ཞུས་པ་ཡིན། རྒྱབ་ལྗོངས་ལ་བོད་རང་བཙན་དང་སོ་སོའི་སྤྱི་ཚོགས། བསྟན་པ་ཆབ་སྲིད་ཀྱི་དོན་ལ་གཅིག་བྱེད་དགོས་རེད་ཟེར་བ་དེ་ཤུགས་ཆེན་པོ་ཡོད། བྱས་ཙང་དེ་དུས་དམིགས་ཡུལ་གལ་ཆེ་ཤོས་དེ་དགེ་རྒན་བྱེད་རྒྱུ་དེ་མཐོང་གི་ཡོད། ང་ཆུང་ཆུང་ནས་དགེ་རྒན་བྱེད་ཡ་རང་མོས་པ་ཡོད། དེ་མིན་གཞན་དག་ལས་ཀ་འདྲ་མི་འདྲ་དྲན་གྱི་མེད། དགེ་རྒན་རང་བྱེད་རྒྱུ་ཡིན་དྲན་གྱི་ཡོད། དེ་གང་རེད་ཟེར་ན། ང་རྒྱ་གར་སྒེར་པའི་སློབ་གྲྭ་ལ་ཕར་ཕྱིན་ནས་ལོ་རེའི་ལོ་འཁོར་གུང་གསེང་བཏང་བ་ན། ང་ནང་མེད་པ་ཆགས་པས་འགྲོ་ས་གཞན་དག་ཁྱོན་ནས་མེད། ང་ཚུར་མ་སུ་རིའི་ཁྱིམ་ཚང་དུ་ལོག་དགོས་ཀྱི་ཡོད། ཡིན་ཙང་ང་ཁྱིམ་ཚང་ལ་ག་དུས་ལོག་པ་ཡིན་ན་ཡང་ཨ་མ་ཕྲེང་རིང་ལགས་ཀྱིས་ཁྱོད་རང་གིས་ཕྲུ་གུ་ཆུང་ཆུང་ཚོ་ལ་སློབས་ཟེར་ནས་ལས་ཀ་བསྐུལ་གྱི་ཡོད། ཁྱིམ་ཚང་གི་ཕྲུ་གུ་ཆུང་ཆུང་དེ་དག་ལ་དགུན་ཁའི་གུང་གསེང་གཉིས་གསུམ་ལ་ཨ་མ་ཕྲེང་རིང་ལགས་ཀྱིས་ང་ལ་སློབ་ཏུ་འཇུག་རེད། ཁྱོད་ཀྱིས་ABCDདང་གང་ཤེས་པ་རྣམས་ཕྲུ་གུ་ཆུང་ཆུང་ལ་སློབས་ཨ་ཟེར་གྱི་རེད། ང་ལ་ཟླ་རེར་སྒོར་མོ་༢༥རེ་རག་གི་ཡོད། དེ་ངའི་ཆ་རྐྱེན་རེད། གཞན་ང་སློབ་གྲྭ་སྤུས་དག་པོ་རྣམས་ལ་འགྲོ་ཡི་ཡོད་རེད། དེ་གིན་ངས་ཞུས་ཡིན་པ། རྒྱ་གར་སློབ་གྲྭ་རྩེ་གྲལ་ནང་འགྲོ་ཡི་ཡོད། དྷེ་ར་དྷུན་ཡིན་ན་རེད། སིན་ཏྲི་ཇོ་སིབ(St. Joseph)ཡིན་ན་རེད། སིན་ཏྲི་ཇོ་ཇི(St.George)ཡིན་ན་རེད། ག་བར་ཡིན་རུང་ལོག་ས་དེ་ཁྱིམ་ཚང་རང་ལ་རེད། མ་སུ་རུའི་ཁྱིམ་ཚང་དུ་ལོག་པ་དང་ཨ་མ་ཕྲེང་རིང་ལགས་ཀྱིས་ང་དགེ་རྒན་དུ་བཟོས་པ་རེད། ང་རང་ཉིད་འཛིན་གྲྭ་ལྔ་པ་དྲུག་པ་ཡིན་དུས་ནས་རེད། དེ་ནས་འཛིན་གྲྭ་བརྒྱད་པ་དགུ་པ་ཙམ་ལ་མ་སུ་རིའི་ཁྱིམ་ཚང་གཅིག་ལ་གཏན་སློབ་ཡོད། དེར་ང་རྒྱ་གར་སློབ་གྲྭ་ནས་ཚུར་ཡོང་ཙང་ང་ཨིན་ཇི་ཨེན་ཙམ་ཡོད་ཟེར་ནས་མིང་ཏོག་ཙམ་ཞིག་ཡོད། བྱས་ཙང་འགན་བདག་དང་ཁོ་ཚོས་བསླབ་ཏུ་ཤོག་ཟེར་གྱི་རེད། བྱས་ཙང་གཏན་སློབ་ཀྱི་སློབ་མ་གུང་གསེང་དུ་མ་འགྲོ་གོང་དང་། འཛིན་གྲྭ་དམའ་བ་ལ་འདུག་མཁན་རྣམས་ཟུར་ཁྲིད་བྱེད་ཀྱི་ཡོད། ཡང་མ་སུ་རུའི་ཁྱིམ་ཚང་དུ་ཨ་མ་ཕྲེང་རིང་ལགས་ཀྱིས་ང་ལ་དམིགས་བསལ་གྲྭ་སྒྲིག་བྱས་ནས་སློབ་ཏུ་འཇུག་གི་རེད། ཡིན་ཙང་དེའི་དབྱིངས་འདྲ་བོ་ཞིག་འཕར་བ་མིན་ནམ། འཛིན་གྲྭ་མཐོ་རུ་དང་ལོ་ཆེ་རུ་འགྲོ་དུས། དམིགས་ཡུལ་དེ་ད་རུང་ཁ་གསལ་དུ་ཕྱིན་ནས་དགེ་རྒན་རང་བྱེད་དགོས་བསམ་གྱི་ཡོད།ད་ག་རང་རེད། ད་གིན་ངས་ཞུས་པ་ལྟར་ང་རྡོར་གླིང་མཐོ་སློབ་ཐོན་ཚར་བ་དང་དགེ་རྒན་འོས་སྦྱོང་བྱེད་དུ་ཕྱིན། དགེ་རྒན་འོས་སྦྱོང་བྱས་ཙང་ང་དགེ་རྒན་ལ་ཏག་ཏག་འགྲིགས་པས་དམིགས་ཡུལ་གྲུབ་པ་རེད། ཡང་མཐོ་སློབ་ཀྱི་གུང་གསེང་བར་དུ་ང་TCVལ་ཡོང་གི་ཡོད་ལ། སློབ་ཁྲིད་བྱེད་ཀྱི་ཡོད།རྡོར་གླིང་གི་མཐོ་སློབ་ཏུ་འགྲོ་སྐབས་གུང་གསེང་ག་དུས་ཡོད་ནའངTCVལ་ཕར་ལོག་འགྲོ་ཡི་ཡོད། ཕ་གིར་ངས་སློབ་ཕྲུག་ཚོ་ལ་རྩེད་མོ་སློབ་ཡ་དང་། གཏམ་རྒྱུད་སློབ་ཡ་སོགས་འདྲ་མི་འདྲ་བསླབས་ནས་འཁྲུག་པོ་ཞི་བུ་ཞིག་ཡོད། དཔེ་སྐྱིད་པོ་ཡོད། བྱས་ཙང་ངའི་མི་ཚེ་ཁོ་རང་དེ་འདྲ་རེད། སོ་སོ་རྗེས་མ་སློབ་སྦྱོང་ཐོན་ཞིང་ཆེན་པོ་འདྲ་ཞིག་ཆགས་ཚར་བའི་རྗེས་ལ་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་བའི་ལས་རིགས་དེ་དགེ་རྒན་རང་བྱེད་རྒྱུ་ཡིན་བསམ་གྱི་ཡོད། དེ་ཡང་དེ་དུས་དགེ་རྒན་བྱེད་པའི་སེམས་ཤུགས་ཀྱང་སྤར་གནང་གི་རེད། སྒང་ལ་སྡོད་མཁན་ཚོས་ང་ཚོ་ལ་དགེ་རྒན་དགོས་རེད་དང་དགེ་རྒན་གལ་ཆེན་པོ་ཞེ་བུ་རེད་གསུང་གི་རེད་ལ། གཙིགས་ཆེན་པོ་དང་མཐོང་ཆེན་པོ་ཞེ་བུ་སྤྲོད་ཀྱི་རེད། དེ་སྤྲོད་ཀྱི་ཡོང་ཙང་སོ་སོ་ལའང་སྤོབས་པ་ཞིག་སྐྱེ་འོང་གི་འདུག དེ་རང་བྱེད་དགོས་བསམ་གྱི་འདུག འོ་དེ་འདྲ་བྱས་ནས་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་དམིགས་ཡུལ་དུ་སོ་སོ་རང་ལ་འབྱར་བསྡད་པ་ཞིག་རེད། རང་ཐར།
-
དྲི་བ། ༥ རྒན་ལགས་ཀྱི་ཕ་མ་གཉིས་ཆུང་ཆུང་སྐབས་ནས་གྲོངས་ཏེ་བྱིས་པ་གཞན་དག་ལྟར་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་འདེབས་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྱི་ཕ་མ་སྤུན་མཆེད་མེད་ན་ཡང། དེ་ལྟར་རྒྱ་གར་གྱི་སློབ་གྲྭ་ཡག་པོ་འགའ་དང་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ཀྱི་གཙུག་ལག་སློབ་ཆེན་ཧ་ཝར་ཏྲི་ལ (Harvard university) འགྲོ་བའི་འདུན་པ་དང་སེམས་ཤུགས་ཇི་ལྟར་རྙེད་སོང་ངམ། རྒན་ངག་དབང་རྡོ་རྗེ།
ལན་: ནང་འགྲོ་དུས་ང་སློབ་སྤྱི་ལོ་དྲུག་བདུན་བརྒྱད་བྱས་ཚར་རེད། མི་ཚེའི་ཉམས་མྱོང་གང་འཚམ་རག་ཡོད། ཧ་ཝར་ཊིར་སློབ་སྦྱོང་བྱེད་པའི་གོ་སྐབས་དེ་རག་དུས། ང་ཕ་གིར་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཅིག་ནང་ཕྱིན་ནས་མཐོ་སློབ་སྐད་གྲགས་ཆེན་པོ་དེ་འདྲ་ཞིག་གི་ནང་ཚུད་པ་དེ་ངས་བསོད་བདེ་ཆེན་པོར་བརྩི་ཡི་ཡོད། ཕ་གིར་ཡང་སོ་སོས་ངོ་ནས་སློབ་སྦྱོང་བྱེད་སྟངས་དེ་གཞི་རྩ་འཛུགས་ཡ་འདྲ་བོ་མ་རེད། མཐོང་རྒྱ་ཐོས་རྒྱ་ཤུགས་ཆེ་རུ་གཏོང་ཡ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལྟ་སྟངས་དང་། ཁོར་ཡུག་ཁོ་རང་ཐོག་ནས་སློབ་སྦྱོང་གང་མང་མང་ཞིག་དང་གཏིང་ཟབ་ཟབ་ཤེས་པའི་ཐབས་ཤེས་བྱས་ཙང་། ཕ་གིར་བསླེབས་དུས་ཉམས་མྱོང་རྦད་དེ་མ་འདྲ་བ་རེད། སློབ་སྦྱོང་བྱེད་དུས་ཀྱང་བསམ་བློ་ཞེ་བུ་གཏོང་དགོས་ཡ་དང་། ཡང་སོ་སོའི་ངོས་ནས་མང་པོ་འབྲི་དགོས་ཡ། ཡང་མང་པོ་ཀློག་དགོས་ཡ། སློབ་སྦྱོང་བྱེད་སྟངས་ཁོ་རང་ཐོག་ནས་རྒྱ་གར་མཐོ་སློབ་ནང་དང་ཨ་རིའི་མཐོ་སློབ་ནང་གི་བྱེད་སྟངས་ལ་རྣམ་པ་ཁྱོན་ནས་མི་འདྲ་བ་ཞིག་མཐོང་སོང་། ཕ་གིར་སླེབ་དུས། སོ་སོ་རང་ངོས་ནས་གྲུང་པོ་དང་གྱོང་པོ་བྱས་ནས་གོ་སྐབས་གང་ཡོད་པ་འཚོལ་དུ་འགྲོ་མ་ཐུབ་པར་ཁུ་སིམ་པོར་དང་གཉམ་ཆུང་ཆུང་བསྡད་པ་ཡིན་ན། གྱོང་ཆེན་པོ་རག་གི་འདུག བྱས་ཙང་ང་ཚོ་ཕ་གིར་སླེབ་དུས། ཁོ་རང་ཚོས་རྒྱལ་སྤྱིའི་སློབ་མ་རྣམས་ལ་ལམ་སྟོན་གནང་གི་འདུག་ལ། དེའི་ནང་ད་ག་རང་ལབ་ཀྱི་འདུག ངས་ད་རུང་གསལ་པོ་ཞེ་དྲག་དྲན་གི་འདུག ཨི་རི་དང་ལྷག་པར་དུ་ཧ་ཝར་ཊིར་སློབ་སྦྱོང་བྱེད་དུ་སླེབ་དུས། ཁྱེད་རང་ཚོ་ཁ་སངས་པོ་བྱེད་དགོས་རེད། ཤེས་ཀྱི་མི་འདུག་ན་ཤེས་ཀྱི་མི་འདུག་ཟེར་ནས་སོ་སོ་རང་གིས་བཙལ་ན་མ་གཏོགས་ལུས་ནས་འདུག་པ་དང་། ལམ་ཁ་བརླགས་ནས་འདུག་གི་རེད་ཟེར་གྱི་ཡོད། ཁོང་ཚོའི་དཔེ་ཡག་ཤོས་འདི་རེད་དེ། སློབ་སྦྱོང་བྱེད་ས་ཞེ་བུ་ཞིག་ཡོད་རེད། ཡིན་ཡང་སོ་སོ་རང་ངོས་ནས་གྲུང་པོ་བྱས་ནས་སློབ་སྦྱོང་གང་གི་ནང་འཛུལ་དགོས་མིན་དང་ག་རེ་བྱེད་དགོས་ཡོད་མེད་འཆར་གཞི་འདིང་བ་དང་། དུས་ཚོད་ལ་སྟངས་འཛིན་བྱས་ན་མ་གཏོགས་ལོ་གཅིག་གཉིས་རྦད་དེ་བརླག་གི་རེད་ལབ་ཀྱི་འདུག དཔེ་ལ་ག་རེ་ལབ་ཀྱི་རེད་ཟེར་ན། “ཁྱོད་ཀྱིས་གང་འདོད་པ་ལེན་དུ་རི་བོའི་ཕྱོགས་སུ་འགྲོ་དགོས་པ་ལས་རི་བོ་ཚུར་ཡོང་གི་མ་རེད”ཟེར་གྱི་རེད། (the mountain will not come to you, you have to go the mountain to get what you want.) ཁོ་ཚོས་དེ་འདྲ་སློབ་གསོ་རྒྱག་གི་འདུག མཇུག་ཏུ་དེར་སློབ་སྦྱོང་བྱས་ནས་འདུག་སྐབས། ད་ག་རང་རེད་འདུག དྲི་བ་འགོད་པ་དང་། འཆར་གཞི་འདིང་བ། དུས་ཚོད་འཆར་བགོ་བྱེད་པ། སློབ་སྦྱོང་གང་དང་གང་དགོས་པ། སློབ་ཚན་དང་སློབ་དུས་སྒྲིག་སྟངས་སོགས་ཚང་མ་སོ་སོས་བྱེད་དགོས། རྒྱ་གར་ནང་བཞིན་མ་རེད། དེ་འདྲའི་ཐོག་ནས་ཨ་རིར་ཞིབ་འཇུག་སློབ་སྦྱོང་བྱེད་སྟངས་དཔེ་འདྲ་བོ་ཡོད། ཡིན་ནའང་དེ་ལས་གལ་ཆེ་བ་གང་ཡོད་རེད་ཟེར་ན། ཧ་ཝར་ཊི་ན་ཁོར་ཡུག་ཁོ་རང་སྟོབས་ཆེན་ཞེ་བུ་ཡིན་ཙང་། ཤེས་ཡོན་ཐོག་ནས་ཡིན་ན་རེད། ཚན་རིག་ཐོག་ནས་ཡིན་ན་རེད། བརྩིས་ཐོག་ནས་ཡིན་ན་རེད། ཚོང་ཐོག་ནས་ཡིན་ན་རེད། འཛམ་བུ་གླིང་ནང་སྐད་གྲགས་ཆེ་རིགས་ཆེ་ཚད་ཕ་གིར་གཏམ་བཤད་སྤྲོད་དུ་ཡོང་གི་རེད། གང་ཡོད་མེད་ཀྱི་བརྡ་ཁྱབ་གང་སར་བཀྲམ་འཇོག་གི་རེད། ཧ་ཝར་ཊི་ཁོ་རང་སྡེ་གཅིག་མ་རེད། ག་ས་གང་ལ་སློབ་གྲྭ་ཁག་བཅུ་གཅིག་བཅུ་གཉིས་གྲམ་བསྡད་ཡོད། ཁྲིམས་ཀྱི་སློབ་གྲྭ་ཁམས་ཚང་རེད། སློབ་གསོའི་སློབ་གྲྭ་ཁམས་ཚང་རེད། ཚོང་གི་སློབ་གྲྭ་ཁམས་ཚང་རེད། ཆོས་ལུགས་ཀྱི་སློབ་གྲྭ་ཁམས་ཚང་རེད། སྡེ་འདྲ་མི་འདྲ་ལ་སོ་སོས་ངོས་ནས་སློབ་སྦྱོང་སྦྱོང་འདོད་དང་དུས་ཚོད་འདོན་ཐུབ་ན། ཤེས་ཡོན་ཐོག་ནས་ཚ་ཚ་འུར་འུར་ཞེ་བུ་ཞིག་ཡོད། ང་ལ་དེའི་ཁེ་བཟང་ཞེ་བུ་ཞིག་རག་སོང་། དེ་ང་ལ་དམིགས་བསལ་ཡིན། ཞིབ་འཇུག་གི་ལག་ཁྱེར་རག་པ་ཞིག་བྱེད་དགོས་པའི་ཐོག ཁོར་ཡུག་ཕྱུག་དྲགས་ནས་ཞེ་བུ་རག་གི་འདུག དེ་འདྲ་བོ་རྒྱ་གར་ནང་རག་མ་མྱོང་། ངའི་ཕ་གིའི་སློབ་སྦྱོང་གི་ལྟེ་བ་དེ་ཡིན། ཕྱོགས་གཉིས་ཀའི་ཐོག་ནས་གོ་སྐབས་རག་པ་དེ་ང་རང་ངོས་ནས་ཧུར་ཐག་བྱས་པ་ཡིན་ལ། སློབ་སྦྱོང་ཡང་འགྲིགས་སོང་ཨང་སྙམ་ནས་འདོད་པ་གང་བ་འདྲ་བོ་ཞིག་བྱུང་སོང་། དེ་འདྲ་རེད། རང་ཐར།
-
དྲི་བ། ༦ རྒན་ལགས་ཀྱི་སྐུ་ཚེའི་ནང་རང་ཉིད་སོ་སོའི་ལུང་པ་དང་རྒྱལ་ཁབ་ཤོར་བའི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཚོར་སྣང་ཟབ་ཤོས་དེ་ག་དུས་སྐྱེས་པ་དང་། གནས་སྟངས་ཅི་འདྲ་ཞིག་གི་འོག་ཏུ་སྐྱེས་པའི་སྐོར་གསུངས་རོགས། རྒན་ངག་དབང་རྡོ་རྗེ།
ལན་: དེ་ད་ཅི་བཤད་ཟིན་པ་ལྟར་ངའི་མི་ཚེ་སློབ་གྲྭའི་ནང་བསྐྱལ་བ་རེད། ང་སྐྱབས་བཅོལ་བ་ཡིན་པའི་ཚོར་སྣང་ཆེ་ཤོས་དེ་རྡོར་གླིང་མཐོ་སློབ་ནང་བྱུང་སོང་། འཛིན་གྲྭ་བཅུ་གཅིག་གཉིས་བར་མ་སུ་རིའི་ཁྱིམ་ཚང་ནང་འདུག་སྐབས། སུམ་ཅུའི་དུས་དྲན་དང་། མཛད་སྒོ་འདྲ་མི་འདྲ་ལ་ང་ཚོ་འགྲོ་གི་ཡོད་རུང་། དེ་ཆ་རྐྱེན་འདྲ་བོ་ཞིག་ཆགས་ནས་འགྲོ་གི་ཡོད་རེད་མ་གཏོགས་ཞེ་བུ་གང་ཡང་མེད། ང་རྡོར་གླིང་མཐོ་སློབ་ལོ་རིམ་གཉིས་པ་ཡིན་སྐབས།རྡོར་གླིང་ལ་ང་ཚོ་བོད་གཞུང་སློབ་གྲྭ་ཡོད། ལོ་རྒྱུས་ཐོག་ནས་བོད་མ་ཤོར་གོང་ནས་རྡོར་གླིང་དང་། ཀ་སྤུག་སྒང་གསུམ་ལ་འབྲེལ་བ་ཆེན་པོ་འདུག དེ་ཡོད་ཙང་ཡ་གིར་བོད་པའི་ཚོང་པ་དང་སྤྱི་ཚོགས་ཁོ་རང་ཆེ་ཐག་ཆོད་ཡོད། དེའི་སྐབས་ཀྱི་སུམ་ཅུའི་དུས་དྲན་དེ་ཚོར་དཔེ་ཤུགས་དྲག་དང་ནུས་ཤུགས་ཆེན་པོ་ཡོད། ང་ཚོ་ཁྲོམ་སྐོར་དུ་"བོད་རང་བཙན་ཡིན། རྒྱ་མི་མཐའ་སྤྲོད་བྱོས"ཞེས་སྐད་འབོད་བྱེད་པར་འགྲོ་དུས། སློབ་ཕྲུག་དང་མི་དམངས། མཐོ་སློབ་ཏུ་སློབ་སྦྱོང་བྱེད་མཁན་ཚང་མ་འཛོགས་ཀྱི་རེད། ལོ་རིམ་གཉིས་པའི་སྐབས་དེར་སུམ་ཅུའི་དུས་དྲན་གོ་སྒྲིག་བྱེད་མཁན་ཚོས་ཨིན་ཇིའི་གཏམ་བཤད་དེ་ཁྱེད་རང་གིས་སྤྲོད་ཅེས་ལབས་པ་རེད། ང་ཚོ་སྐོར་བ་བརྒྱབས་ཚར་བའི་རྗེས་ལ་རྡོར་གླིང(Chow Rasta)ཞེས་པའི་འཛོམས་ས་ཞིག་ཡོད། དེ་ཕལ་ཆེར་༡༩༧༥ལོ་རེད། དེ་དུས་ང་གཞོན་གཞོན་དང་ཁྲག་ཚ་བོ་ཡིན་པས། ངས་རྒྱ་གར་ལ་ཁ་གདངས་ཤིང་རྒྱ་མི་ལ་སྡུག་ཅག་ཞེ་བུ་ཞིག་ལབས་པ་རེད། གཏམ་བཤད་བཤད་ཚར་བའི་རྗེས་ལ་རྡོར་གླིང་ས་གནས་བདེ་སྲུང་ཉེན་ཏོག་པ་གཉིས་ཙམ་ཡོང་སྟེ་ཁྱོད་ཀྱིས་དེ་འདྲ་བཤད་སོང་ཟེར་ནས་ང་ཉེན་རྟོག་ལས་ཁུངས་སུ་ཁྲིད་སོང་། དགོང་མོ་གཅིག་ཕ་གིར་སྡོད་དགོས་རེད་ཟེར། བཙོན་ཁང་དུ་བླུགས་པའི་བཟོ་འདྲ་བོ་ཞིག་བྱས་རེད། ཕྱི་ཉིན་ཞོགས་པར་ངའི་མཐོ་སློབ་ཀྱི་སློབ་སྤྱིས་ང་མར་བཏོན་པ་རེད། ཡིན་ནའང་ངས་སྐད་ཆ་ངར་ཤུགས་ཆེན་པོ་འདྲ་ཞིག་མར་བཤད་ཙང་། མི་དམངས་དང་སློབ་ཕྲུག་ཚོས་ང་ལ་དགའ་པོ་ཞེ་བུ་བྱས་བྱུང་། མཐོ་སློབ་ཀྱི་སློབ་སྤྱིས་རྗེས་མ་ཁྱོད་རང་གི་ཁ་ཚུམས་ཨ་ཟེར་ནས་བསླབ་བྱ་བསྐྱོན་པ་རེད། དེ་འདྲ་ཞིག་བྱས་ནས་དེ་ཉམས་མྱོང་ཤུགས་ཆེན་པོ་བྱུང་། གང་ཡིན་ཟེར་ན་སོ་སོའི་ངོས་ནས་དངོས་སུ་འཛུལ་ཞུགས་བྱས་པ་རེད། སོ་སོས་ནག་ཉེས་ཞེ་དྲག་བྱས་མེད་ཀྱང་། སོ་སོའི་རྒྱལ་ཁབ་དོན་དུ་བྱས་ནས་བཙོན་ཁང་དུ་བླུགས་པ་། དེ་དུས་སྐྱབས་བཅོལ་ལག་ཁྱེར(RC)ལམ་སེང་བཟོས་ནས་ངའི་ལག་པར་སྤྲད་པ་རེད། དེ་ལ་ཚོར་བ་ཆེན་པོ་སྐྱེས་སོང་། ང་རང་ལ་དཀའ་ལས་གང་ཡང་མ་རེད་ལ། འཇོན་ཡ་གང་ཡང་མེད་ཀྱང་འཇོན་སོང་བསམ་གྱི་འདུག སེམས་སྐྱིད་པོ་འདྲ་བོ་ཞིག་བྱུང་སོང་། རྐང་དེ་ནས་རེད། མཐོ་སློབ་ཐོན་ཚར་བའི་རྗེས་སུ་བོད་ཕྲུག་ཁྱིམ་སྡེའི་ནང་མུ་མཐུད་ལས་རིགས་འདྲ་མི་འདྲ་བྱས་ཡོང་དུས། སོ་སོའི་རྒྱལ་ཁབ་ཤོར་བའི་ཚོར་བ་ཆེན་པོ་དེ་རང་བཞིན་གྱིས་ཡོང་གི་འདུག སོ་སོ་དགེ་ཆེ་དང་། སློབ་སྤྱིའི་མིང་ཁྱེར་ནས་ལས་ཀ་བྱེད་དུས། སོ་སོ་ལ་སེམས་གཏིང་ན་སེམས་ཤུགས་ཏོག་ཙམ་ཞིག་མེད་པ་ཡིན་ན། ཕྲུ་གུའི་མདུན་ནས་སྐད་ཆ་བཤད་ཐུབ་ཀྱི་མ་རེད། དེ་རང་བཞིན་གྱིས་ཡོང་གི་འདུག ཚོར་བ་དེ་སྔོན་མ་ནས་ཤུགས་ཆེན་པོ་ཞེ་དྲག་ཡོད། དཔེ་བཞག་ན། ང་ཨི་རིར་ཕར་སློབ་སྦྱོང་བྱེད་དུ་ཕྱིན་ནས་ཕ་གིར་འདུག་པའི་བསམ་བློ་ཏིལ་འབྲུ་ཙམ་ཡང་མེད། ༩༡དང་༩༢་ལ་ཨ་རིའི་གཞུང་གིས་བོད་པ་ལ་དམིགས་བསལ་གྱི་ས་མིག་ཆིག་སྟོང་སྤྲད་དེ་སྐྱབས་བཅོལ་གནས་སྤོ་ཞེས་པའི་ལས་གཞི་(resettlement project)དེ་འགོ་བཙུགས་སོང་། དེ་དུས་ང་སློབ་སྦྱོང་ཐོན་གྲབས་ཡོད། ངའི་བཟའ་ཟླ་རྒན་ཡི་ཤེས་སྒྲོལ་དཀར་ལགས་ཀྱིས་ང་ལ་ག་རེ་བྱེད་ཀྱི་ཡིན། མི་ཚང་མ་ཚ་གི་ཚི་གེར་ཐོ་རྒྱག་གི་འདུག་ཟེར། ངས་ག་རོག་སྡོད། ཁྱོད་ཀྱིས་གང་ཡང་བྱེད་མི་དགོས། ཐོ་མ་རྒྱག་ཅེས་ལབས་པ་ཡིན། ཐོ་བརྒྱབས་མེད། གང་ཡིན་ཟེར་ན་ངས་ཨ་རི་མཐོང་ཚར་བ་རེད། ལོ་གཅིག་ལྷག་ཙམ་ཕ་གིར་སློབ་སྦྱོང་བྱས་ནས་འདུག་དུས། སྤྱི་ཚོགས་ཀྱི་གནས་སྟངས་དང་། བསམ་བློ་གཏོང་སྟངས། མི་ཚེ་སྐྱེལ་སྟངས་མཐོང་སྐབས་སེམས་གཏིང་ནང་ལ་ཟུག་པོ་བྱུང་མ་སོང་། གཅིག་ནི་དེ་འདྲ་རེད། གཉིས་ནི་སོ་སོའི་མི་ཚེ་སྒུམ་བུ་ཙམ་དེ་གང་འཚམ་ཞབས་ཕྱི་ཞུས་ཚར་བ་དང་། དེའི་ཕུགས་བསྐྱལ་ན་བསམས་བྱུང་། ཕ་གིར་བསྡད་ན་དམིགས་བསལ་ཞེ་བུ་ཞིག་ཡོད་པ་ངས་མཐོང་མ་སོང་། གང་ལྟར་ང་དེའི་ཐོག་ཁྱོན་ནས་བརྔམ་མེད། དེའི་རྗེས་ལ་ཐེངས་མ་བཞི་ལྔ་ལ་ཕར་འགྲོ་བའི་གོ་སྐབས་རག་པ་རེད་མོད། འདུག་རྒྱུ་བསམ་བློ་གཏན་ནས་འཁོར་མ་སོང་། ཡིན་ཙང་སོ་སོའི་མི་ཚེ་སྒུམ་བུ་ཙམ་དེ་ངས་ད་ཅི་ཐོག་མར་ཞུས་པ་བཞིན་སློབ་སྦྱོང་རག་པ་དེ་ངའི་ཕ་མ་དང་ནང་མིས་འཇོན་པ་གང་ཡང་མ་རེད། ཆུང་ཆུང་ནས་ས་གནམ་གཉིས་མ་གཏོགས་ངོ་མི་ཤེས་པ་ཞིག་ཆགས་པ་རེད། ཕ་མ་གྲོགས་ཚར་བ་རེད། ཡིན་ན་ཡང་སྤྱི་ཚོགས་དང་སྒང་ལ་དབུ་ཁྲིད་ཡང་དག་པ་ཞིག་གིས་བདག་པོ་བརྒྱབས་ནས་སོ་སོའི་མི་ཚེའི་ནང་སློབ་སྦྱོང་གི་གོ་སྐབས་གང་འཚམ་ཞིག་རག་པ་དང་། སོ་སོའི་འཇོན་ཐང་འདོན་པའི་གོ་སྐབས་ཤིག་ཀྱང་རག་པས། དེའི་སེམས་ཀྱི་མེ་རོ་དེ་མུ་མཐུད་ནས་བསྡད་ཙང་ས་ཆ་གཞན་ལ་འགྲོ་བ་དང་། ས་ཆ་གཞན་ལ་མི་ཚེ་སྐྱེལ་བའི་བསམ་བློ་འཁོར་གྱི་མི་འདུག མི་ཚེ་སྒུམ་ཙམ་དེ་ཏག་ཏག་ཕུགས་སྐྱེལ་དགོས་སྙམ་བྱུང་། སློབ་སྦྱོང་བྱེད་པར་ཕར་ཕྱིན་ཅིང་ཚུར་ལོག་ཡོང་ནས་མུ་མཐུད་ཞབས་ཕྱི་ཞུས་ཤིང་། ཡང་ཕ་གིར་གོ་སྐབས་གཞན་དག་རག་པ་ཡིན་རུང་ཚུར་ཏག་ཏག་ལོག་ཅིང་མི་ཚེ་བསྐྱལ་བ་ཡིན། རྐང་དེ་གང་རེད་ཟེར་ན། མི་ཚེ་སྒུམ་ཙམ་དེའི་ནང་སློབ་སྦྱོང་རག་ཡ་དེ་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་དང་བོད་གཞུང་གི་ཐུགས་རྗེའི་བཀའ་དྲིན་རེད། དེ་ལ་སོ་སོའི་ངོས་ནས་ཞབས་ཕྱི་འདྲ་གང་ཞུ་ཐུབ་པ་དེ་དེའི་ཐོག་སྤུང་དགོས་སྙམ་པའི་སེམས་ཤུགས་ཤིག་སྔོན་མ་ཆུང་ཆུང་སྐབས་ནས་ཡོད། དེ་ད་ག་ཙམ་བཟོས་པ་དེ་འདྲ་གང་ཡང་མིན། ད་ག་རང་གིས་ཤུགས་སྣོན་ཐེབས་ནས་གཞན་ལ་འགྲོ་ཨ་སྙམ་པ་ཁྱོན་ནས་མེད། ད་ལྟ་ཡིན་ནའང་བྷེ་ལ་ཀོབ་པའི་གཞིས་ཆགས་ལ་སྡོད་པའི་རྒྱུ་མཚན་དེ་རེད། ཧཧཧ། རང་ཐར།
-
དྲི་བ། ༧ རྒན་ལགས་ཆུང་ཆུང་སྐབས་ནས་ཕ་མ་གཉིས་གྲོངས་ཏེ་སོ་སོའི་ཕ་ཡུལ་གྱི་རང་བྱུང་ཁོར་ཡུག་ཆགས་ཚུལ་དང་། མི་རྣམས་ཀྱིས་འཚོ་བ་རོལ་སྟངས་སྐོར་རྗོད་མཁན་མེད་པར་གྱུར་བའི་ཐོག བརྙན་འཕྲིན་དང་འདྲ་པར་ནང་ནས་མ་གཏོགས་བོད་ཡུལ་དངོས་སུ་གཟིགས་མྱོང་མེད་པས། ཁྱེད་ལ་མཚོན་ན། གངས་རིའི་རྭ་བས་བསྐོར་བའི་ཡུལ་གྲུ་ཆེན་པོ་བོད་ཅེས་པ་དེ་ཅི་ཞིག་ཡིན་ནམ། དྲི་བ་འདི་ཨིན་སྐད་ནང་དྲིས་ན”What does Tibet mean to you?”ཞེས་པ་དེ་རེད། (ཨིན་སྐད་ནང་ཅུང་གོམས་ཆེ་བའམ་ཁ་གསལ་བ་ཞིག་འདུག་པས་ཨིན་སྐད་བརྒྱབས་པ་ཡིན།) རྒན་ངག་དབང་རྡོ་རྗེ།
ལན་: སོ་སོ་བོད་པ་ཡིན་པ་དང་། ཤ་རུས་བོད་པ་ཡིན་པ། མི་ཚེ་སྒུམ་ཙམ་གཅིག་དེ་བོད་པ་ཆགས་ཡོད། དེ་ནི་ཡལ་འགྲོ་ཡ་དང་བརླག་འགྲོ་ཡ་གང་ཡང་མེད། རེད་དེ་ཆུང་ཆུང་ནས་སྐྱབས་བཅོལ་ལ་ཡོང་ཞིང་། དེ་གཞུག་ལ་ཕར་ཁྱོན་ནས་ལོག་མེད། ཁྱེད་རང་གིས་ལབས་པ་ནང་བཞིན་གསར་འགྱུར་དང་། གཟུགས་མཐོང་གློག་འཕྲིན་ནང་གང་ཤེས་པ་ད་ག་རང་རེད། ཨིན་ཇིའི་ནང་secondary informationཞེས་པ་རང་རེད། Primary informationརག་པའི་གོ་སྐབས་མེད། དངོས་སུ་ཉམས་མྱོང་གསོག་པའི་གོ་སྐབས་བྱུང་མེད། རེད་དེ་སོ་སོའི་སེམས་ནང་ལ་བོད་དང་བོད་པ། སོ་སོའི་མི་རིགས། སོ་སོའི་རྒྱལ་ཁབ་ཀྱི་་རྣམ་པ་ཡོད་ཡོད་པ་རེད། ཆུང་ཆུང་ནས་སེམས་ནང་པར་ཞིག་བླུགས་པ་དེ་བསྡད་ཡོད། དེ་བསྡད་ཙང་ད་ལྟ་སོ་སོ་ལོ་ཆེན་པོ་ཆགས་ཤིང་། སྤྱི་ཚོགས་ཀྱི་གནས་ཚུལ་དེ་དག་འགྱུར་བ་ཞེ་བུ་འགྲོ་གི་ཡོད་པས། བོད་ཀྱི་གནས་སྟངས་དེ་འདི་ལྟར་ཧུབ་ཏུ་བལྟས་པ་ཡིན་ན། ད་ལྟའི་འཛམ་བུ་གླིང་གི་ཆབ་སྲིད་འགྲོ་སྟངས་དང་། དཔལ་འབྱོར་འགྲོ་སྟངས། ཁོར་ཡུག་གང་ཅིའི་ཐོག་ནས་བསམ་བློ་བཏང་ཡང་ང་ཚོའི་བདེན་མཐའ་དེ་ང་རང་གི་མི་ཚེའི་ནང་ཁག་པོ་བྱས་སོང་བསམ་གི་འདུག དྲང་པོར་བཤད་ན། དེ་བསམ་བློ་འཁོར་གི་འདུག སོ་སོའི་ཕ་ཡུལ་ལ་ལོག་ཡ་རག་ན་བསམ་པའི་སྨོན་ལམ་དང་མོས་པ་ཡོད་པ་གང་ཞིག་ལ། མང་པོ་ཞིག་ཕྱོགས་བསྒྲིགས་ནས་ཆབ་སྲིད་དང་འཛམ་གླིང་གི་འགྱུར་བ་ཤུགས་ཆེན་དང་མྱུར་པོ། ལྷག་པར་དུ་དཔལ་འབྱོར་དང་ཆབ་སྲིད་གཉིས་ཞེ་བུ་འདྲེས་ཡོང་ཙང་། ང་ཚོ་བོད་པའི་གནས་སྟངས་དེ་ཁག་པོ་ཞེ་བུ་དང་ཛ་དྲག་པོ་ཞེ་བུ། ཉག་ཕྲ་ཞེ་བུ་ཞིག་མཐོང་བསྡད་ཀྱི་འདུག དེ་གང་ཡིན་ཟེར་ན། ང་ཚོའི་དགྲ་བོ་དེ་རྒྱ་མི་རེད། རྒྱ་མི་དེ་ད་ལྟ་ང་ཚོའི་སྐབས་ལ་འཛམ་བུ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཞེ་བུ་ཞིག་ཆགས་འགྲོ་ཡི་ཡོད། ཡིན་ན་ཡང་། རྒྱལ་རབས་ལོ་རྒྱུས་ཐོག་ནས་མར་གཅིག་བལྟས་པ་ཡིན་ན། འཛམ་བུ་གླིང་ནང་བཙན་རྒྱལ་དང་སྟོབས་ཆེན་རྒྱལ་ཁབ་གཅིག་གི་གཞུག་ཏུ་གཅིག་མང་པོ་འབྱུང་བསྡད་ཀྱི་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་ཐོག་ནས་རྒྱང་རིང་ཙམ་བལྟས་པ་ཡིན་ན། རེ་བ་མེད་པ་རྩ་བ་ཉིད་ནས་མ་རེད། ཁ་ཚ་དགོས་གཏུགས་ཐོག་ནས་བལྟས་པ་ཡིན་ན་རེ་བ་མི་འདུག་བསམ་གྱི་འདུག ད་ལྟའི་གནས་སྟངས་ཁོ་ནའི་ཐོག་བསམ་བློ་བཏང་བ་ཡིན་ན། བོད་རང་བཙན་རག་ཡ་ཐོག་ལ་ཞེ་བུ་ཁག་པོ་རེད། ཨི་ནི་ང་རང་ཚོ་བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་ཐོག་ནས་རང་བཙན་དེ་ཕར་སྙལ་བའི་་བཟོ་འདྲ་བྱས་ན་བཞག་པ་རེད། དངོས་ཡོད་གནས་ཚུལ་ཁོ་རང་ལ་བལྟས་ནས་རྒྱ་མི་མཉམ་དུ་སྡོད་ཐུབ་པ་ཡིན་ན། དེའི་གུ་ཡངས་ཐོག་ནས་སོ་སོའི་རིག་གཞུང་དང་། ཤེས་ཡོན་དང་། འཚོ་བ་སྐྱེལ་སྟངས་དང་། སོ་སོ་རང་བོད་པ་ཡིན་པའི་རྣམ་པ་ཞིག་སྟོན་ཐུབ་པ་ཡིན་ན། ཟུར་དུ་རྒྱལ་ཁབ་ཅིག་མེད་པ་ཡིན་ན་འགྲིག་གི་འདུག་སྙམ་པའི་བསམ་བློ་དེ་ང་ཚོའིི་དཔོན་རིགས་ཁག་ལའང་དེ་ག་རང་ཡོད་རེད། ང་ཚོའི་སྒང་ལ་སྡོད་མཁན་ཚོའི་བསམ་བློའི་ནང་ལ་ད་ག་རང་ཡོད་རེད། བྱས་ཙང་མི་ཕལ་པ་ང་ཚོ་རང་ལ་བསམ་བློ་བཏང་ན། མོས་པ་དེ་རང་བཙན་རང་དགོས་འདུག དེ་བློས་གཏོང་ཡ་མི་འདུག བློས་གཏོང་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། རང་བཙན་དེ་ངའི་ལྷན་སྐྱེས་ཀྱི་ཐོབ་ཐང་རེད། (Birth-right) ང་བོད་པ་ཡིན་པའི་ཆ་ནས་ང་ལ་སོ་སོའི་ས་ཆ་དགོས། ང་ལ་སོ་སོའི་ཁྱིམ་གཞིས་དགོས། ངས་སོ་སོའི་མི་ཚེ་སོ་སོའི་འདོད་པ་ལྟར་སྐྱེལ་འདོད་པ་ལས། མི་གཞན་ཞིག་གིས་བཙན་དབང་བྱས་ན་མི་འདོད། དེའི་འདོད་པ་དེ་ང་ལ་ཡོད། ཡིན་ན་ཡང་འདོད་པ་གཞིར་བཟུང་གིས་དངོས་ཡོད་གནས་ཚུལ་སྒང་བསམ་བློ་གཏོང་དུས། འདོད་པ་དེ་ངའི་མི་ཚེ་འདི་ལ་འགྲུབ་མ་སོང་བསམ་གི་འདུག ལོ་དྲུག་ཅུ་བརྒལ་ཚར་བ་རེད། བྷེལ་ལ་ཀོབ་བྷིའི་གཞིས་ཆགས་ནང་གནས་བསྡད་བྱེད་ཡོད། འདིའི་ཁོར་ཡུག་དང་། ང་ཚོའི་བོད་པའི་སྐྱབས་བཅོལ་སྤྱི་ཚོགས་ནང་འགྱུར་བ་འགྲོ་བསྡད་ཀྱི་ཡོད། སློབ་གྲྭ་ཁག་རེད། དགོན་སྡེ་ཁག་རེད། སྤྱི་ཚོགས་རེད། འགྱུར་བ་འགྲོ་སྟངས་དེ་དག་མང་ཆེ་བ་ཁ་ཕྱོགས་ལོག་འདུག ཁ་ཕྱོགས་མང་ཆེ་བ་ནུབ་ཕྱོགས་རྒྱལ་ཁབ་ལ་མིག་ལྟ་བསྡད་པ་འདྲ་བོ་ཞིག་མི་འདུག་གམ། སོ་སོའི་ཕ་ཡུལ་ལ་མིག་ལྟ་མཁན་ཞེ་དྲག་མི་འདུག ང་ཚོ་སྐྱབས་བཅོལ་ནང་མི་འབོར་འབུམ་གཅིག་དང་ཕྱེད་ཀ་ཡོད་པའི་རྣམ་པ་རེད། དེ་དག་ཚང་མའི་བསམ་བློ་གཏོང་སའི་ཁ་ཕྱོགས་དེ་ནུབ་ཕྱོགས་རྒྱལ་ཁབ་རེད་འདུག གཞོན་སྐྱེས་རྣམས་བརྒྱ་ཆ་བརྒྱ་ཐམ་པ་ཕར་རང་ཁ་གཏད་འདུག ང་ཚོ་དགོན་སྡེ་ཁག་ཡིན་ཡང་ལྟེ་གནས་ཁག་འདིར་ཡོད་ཀྱང་མང་ཆེ་བ་ཆོས་ཚོགས་ཟེར་ནས་ནུབ་ཕྱོགས་རྒྱལ་ཁབ་ལ་ཁ་ཕྱོགས་ནས་འགྱུར་འགྲོ་ཡི་འདུག དེ་ནས་བོད་ནང་ལ་ཆ་མཚོན་ན། ཡང་སྐད་ཆ་གོ་ཡ་འདུག ད་ང་ཚོས་ཆབ་སྲིད་སྒང་ལ་ཇུས་གཏོགས་མ་བྱས་པ་ཡིན་ན་སྐྱིད་ཐག་ཆོད་འདུག དཔལ་འབྱོར་ཡག་ཐག་ཆོད་བཟོ་ཐུབ་ཀྱི་འདུག་ཟེར་བའི་སྐད་ཆ་གོ་བསྡད་ཀྱི་འདུག ང་རང་གི་སློབ་ཕྲུག་ཁྲོད་ནས་ཕར་སོ་སོའི་ཕ་ཡུལ་ལོག་འགྲོ་ཡི་ཡིན་ཟེར་མཁན་ཁ་ཤས་བྱུང་སོང་། དེ་ལྟར་དེ་ཁོ་ནའི་ཐོག་ལ་བསམ་བློ་བཏང་ནས་བསྡད་པ་ཡིན་ན། མི་ཚེ་འདིའི་ནང་སོ་སོའི་ཕ་ཡུལ་རང་བཙན་ཡིན་བསམས་ནས་ལོག་རྒྱུ་ཞིག་བྱུང་མ་སོང་བསམ་གྱི་འདུག རེད། སེམས་སྐྱོ་ལྷང་ལྷང་བྱེད་པའི་གནས་ཚུལ་ཞིག་ཆགས་ཚར་རེད། ཡིན་ན་ཡང་ད་ཅི་ངས་ཞུས་པ་ནང་བཞིན་ལྟ་ཕྱོགས་རེད། ཁར་ཐུག་བལྟས་པ་ཡིན་ན། ང་ཚོའི་གནས་སྟངས་དེ་མི་སྲིད་པ་འདྲ་བོ་ཞིག་འདུག ཡིན་ཡང་མིག་རྒྱང་རིང་པོས་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བལྟས་པ་ཡིན་ན། ཅི་ཡིན་ཡང་འབྱུང་སྲིད། ང་ཚོ་བོད་པ་རང་བསྡད་ཐུབ་ན། བོད་ལ་ཡིན་ན་རེད། སྐྱབས་བཅོལ་ན་ཡིན་རེད། ནུབ་ཕྱོགས་རྒྱལ་ཁབ་ཡིན་ན་རེད་རེ་བ་རྒྱག་ཆོག་ཆོག་རེད། གང་དུ་ཡིན་ཡང་བོད་པ་སྲན་མ་འཐོར་བ་ནང་བཞིན་འཐོར་བསྡད་ཡོད། འཐོར་བསྡད་པ་དེ་མི་རེ་ངོ་རེས་སོ་སོ་བོད་པ་ཡིན་པའི་རྒྱལ་ཞེན་དང་། ཞེན་ཁོག་དེ་མུ་མཐུད་བསྡད་ཡོད་ན། ཉིན་ཞིག་ལ་ཉི་མ་འཆར་བའི་སྐབས་དེར་ཏག་ཏག་མི་ཚོ་ཁ་ལོ་སྒྱུར་ཆོག་ཆོག་འདྲ་ཞིག་བཟོ་ཐུབ་ཀྱི་རེད། ཐུབ་ཟེར་རུང་རང་བཞིན་གྱིས་འགྱུར་ངེས་སེམས་ཀྱི་་འདུག ཨི་ནི་རྒྱ་མི་སྟོབས་ཆེ་མདོག་ཁ་བོ་དང་། མཁྲེགས་མདོག་ཁ་པོ་ཞེ་བུ་ཡོད་མོད། ཁོ་རང་ཚོའི་ལོ་རྒྱུས་ཀྱི་གནས་སྟངས་དེ་དག་ཡག་པོ་དང་གཏིང་ཟབ་ཙམ་ཞིག་བསྔོགས་ནས་བཀླགས་པ་ཡིན་ན། འབོ་ལུག་ཆོག་ཆོག་འདྲ་ཞིག་འདུག འཁྲུག་ཆོག་ཆོག་འདྲ་ཞིག་འདུག ཡིན་ཙང་དེ་འདྲ་ལ་རེ་བ་རྒྱག་ཡ་ཡོད། ཡང་གང་ཆགས་ཡོང་་ཧ་གོ་ཡི་མ་རེད། བྱས་ཙང་མཐའ་གཅིག་ཏུ་ང་ཚོ་ལ་་རེ་བ་ཁྱོན་ནས་མི་འདུག་ཟེར་བ་གཏན་ནས་ཏག་ཏག་བསྡད་མེད། ང་ཚོ་སོ་སོའི་ངོས་ནས་བསམ་བློ་གཏོང་སྟངས་དང་ལྟ་ཕྱོགས་དེ་ཞེ་བུ་གནད་འགག་ཆེན་པོ་རེད། བྱས་ཙང་ང་ཚོ་བོད་པའི་རྩ་དོན་ཐོག་སླེབ་དུས། རྒྱང་ཐག་རིང་པོ་དང་ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན། སེམས་ཤུགས་མི་ཆག་པའི་ཁྱད་པར་ཞེ་དྲག་འདུག དེ་འདྲ་ཞིག་འདུག རང་ཐར།
-
དྲི་བ། ༨ རྒན་ལགས་ཆུང་ཆུང་ཡིན་པའི་སྐབས་ཏེ། ༡༩༦༠་དང་༧༠། ༨༠བཅས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོའི་འཚོ་བའི་གནས་སྟངས་དང་འདུ་ཤེས་འཛིང་སྟངས་དང་ད་ལྟའི་འཚོ་བའི་གནས་སྟངས་དང་འདུ་ཤེས་འཛིན་སྟངས་ལ་ཁྱད་པ་ཅི་འདྲ་ཡོད་པ་གསུངས་རོགས། རྒན་ངག་དབང་རྡོ་རྗེ།
ལན་: དེ་ཁྱད་པར་ཆེན་པོ་ཡོད། ད་ཅི་ངས་ཁྱེད་རང་གི་དྲི་བ་མང་པོ་ཞིག་ལན་བརྒྱབས་པ་རྣམས་ནས་སྒྲུག་པ་ཡིན་ན་ད་ག་རང་ནས་དོན་ཡོང་གི་རེད། ང་ཚོ་ཆུང་ཆུང་ཡིན་དུས། ༥༩ལ་ང་ཚོ་རང་བཙན་ཤོར་བ་རེད། ༦༠དང་༧༠། ༨༠ནང་རྡོག་རྩ་གཅིག་སྒྲིལ་རང་རེད། བསམ་བློ་གཏོང་སྟངས་ཁོ་རང་རྡོག་རྩ་གཅིག་སྒྲིལ་རེད། ཤུགས་རྒྱག་སའང་རྡོག་རྩ་གཅིག་སྒྲིལ་རེད། རང་བཙན་ལེན་དགོས་ཟེར་བར་ཐེ་ཚོམ་ཁྱོན་ནས་ཡོད་མ་རེད།བསྟན་པ་ཆབ་སྲིད་ཀྱི་དོན་དུ་སོ་སོའི་སྲོག་བློས་གཏོང་དགོས་ཀྱང་གཏོང་ཡ་རེད་ཟེར་ནས་ཐག་བཅད་དེ་སྐད་ཆ་བཤད་ཀྱི་ཡོད། ང་ཚོ་གཞོན་གཞོན་སློབ་གྲྭ་ཐོན་མཁན་ཡིན་ན་རེད། གང་ནས་ཐོན་ཡོང་ནའང་བོད་པའི་སྤྱི་ཚོགས་ནང་ལ་རང་བསྡད་དེ་ཞབས་ཕྱི་ཞུས་ཏེ་བསྟན་པ་ཆབ་སྲིད་དོན་རང་ཡིན་ཟེར་བ་ཚང་མ་རེད། དེའི་སྐབས་དེ་ཤུགས་ཆེན་པོ་ཞེ་བུ་ཞིག་ཡོད་རེད། དཔེ་བཞག་ན། ང་ཚོའི་གྲལ་༨༠ནང་སློབ་གྲྭ་ཐོན་པ་རེད། ༦༠ནང་སློབ་སྦྱོང་གི་གོ་སྐབས་ཤིག་རག་ཅིང་༧༠ནང་སློབ་སྦྱོང་ཐོན་དུས། ངས་ངོ་ཤེས་པ་ཚང་མ་རྒྱ་གར་གྱི་སློབ་གྲྭ་འདྲ་མི་འདྲ་ལ་ཡོད་རེད། ཡང་བརྟན་སློབ་ཁག་ལ་ཡོད་རེད། མ་སུ་རུའི་བོད་ཁྱིམ་ཁག་ལ་ཡོད་རེད། གང་སར་ཡོད་པ་ཚང་མ་འཛོམས་དུས་TCVལ་སླེབ་བསྡད་ཀྱི་་རེད། ༧༣དང་༧༤། ༧༥ལ་ང་ཚོ་སློབ་གྲྭ་ཐོན་ཚར་ཙམ་ཡིན་པས་ཤར་རྒྱག་ཕ་གིར་བསླེབས་བསྡད་ཡོད། ང་ཚོ་སློབ་སྦྱོང་དང་། དགེ་རྒན་འོས་སྦྱོང་ལ་སོགས་འདྲ་མ་འདྲ་ཐོན་ནས་ཕ་གིར་ཡོང་དུས། མཐུན་རྐྱེན་ཐོག་ནས་གལ་ཡང་མེད། དྲང་པོ་བཤད་དགོས། ཟླ་བ་རེར་ང་ཚོར་སྒོར་མོ་སུམ་བརྒྱ་རེ་ཨེ་ཡོད་དམ། སྡོད་ས་ཡང་ང་ཚོ་མི་གསུམ་བཞི་མཉམ་དུ་སྡོད་དགོས་རེད། ཕྱིའི་མཐུན་རྐྱེན་ཐོག་ནས་ལྟ་ས་འདུག་ས་ཞིག་གང་ཡང་མེད། ཡིན་ནའང་ཕ་གིར་འཛོམས་དུས་ཧང་སང་བའི་འགྲིག་པོ་དང་། ཧང་སང་བའི་སྣང་བ་སྐྱིད་པོ། སེམས་ཤུགས་ཆེ་ཐག་ཆོད་ཡོད། དཀའ་ལས་བརྒྱབས་ན་དུས་ཚོད་དང་ལས་ཀའི་ཐོག་ནས་གཡོལ་ཡ་འདྲ་བོ་རྩ་བ་ཉིད་ནས་ཡོད་མ་རེད། ཧུར་ཐག་འབད་ཐག་བྱེད་མཁན་ཤར་སྟག་རེད། དེ་ངས་ཉམས་མྱོང་ཁོ་རང་ཐོག་ནས་ཞུ་ཡི་ཡོད། དེ་འདྲ་ཞེ་ཅིག་རེད། མཐུན་རྐྱེན་ཐོག་ནས་ལྟ་ས་གང་ཡང་མེད། ཡིན་ཡང་དེའི་སྐབས་ཀྱི་སྤྱི་ཚོགས་རང་གི་སེམས་ཤུགས་དང་། ཨི་ནི་ད་ཅི་ངའི་ཕྱོགས་ཙམ་ལབས་ཡ་ཞིག་མེད་དམ། གཏོད་ས་དེ་བོད་རང་གི་བསྟན་པ་ཆབ་སྲིད་དོན་རང་ཡིན་ཟེར་དུས། དཔེ་ཁྱབ་ཆེན་པོ་རེད། རྩེད་མོ་རྩེ་དུས་དེ་འདྲ་རེད་ལ། གཏམ་རྒྱུང་འཁྲབ་དུས་དེ་འདྲ་རེད། ལས་ཀ་བྱེད་དུས་དེ་འདྲ་རེད། གང་དུ་འཛོམས་ཀྱང་དེ་དཔེ་ཤུགས་པོ་ཡོད་རེད། ༨༠ནས་མར་ག་ལེར་དེའི་དྲོད་དེ་བརླགས་པ་འདྲོ་བོ་བྱས་སོང་། ངས་དེ་འདྲ་མཐོང་གི་ཡོད། གཅིག་བྱས་ན་ཕྱོགས་རིས་ཆེན་པོ་རེད། གང་ཡིན་ཟེར་ན། ངས་རང་གི་མི་རབས་སྐོར་སྐད་ཆ་བཤད་ཀྱི་ཡོད། ཧ་ལམ་ང་ཚོ་སེམས་ཤུགས་ཆེན་པོ་ཞེ་བུ་ཡོད་པ་དང་། དེང་སང་སེམས་ཤུགས་མི་འདུག་ཟེར་བའི་སྐད་ཆ་རྩ་བ་ཉིད་ནས་མིན། འདི་ལྟར་བལྟས་པ་ཡིན་ན། སྤྱི་ཚོགས་ཁོ་རང་མཐོང་རྒྱ་ཐོས་རྒྱ་ཆེན་པོ་ཞེ་བུ་ཞིག་ཆགས། དེང་སང་ཆ་བཞག་ན་གང་ས་གང་དུ་ལྟ་ཡ་ཆགས་བསྡད་ཡོད། བསམ་བློ་བཏང་ན། སྤྱི་ཚོགས་ཁོ་རང་འགྱུར་བ་ཞེ་བུ་ཞིག་ཕྱིན་ཡོད། སྤྱི་ཚོགས་སྐོར་ལ་ངས་ཞེ་དྲག་ཞུ་དགོས་ཡ་མི་འདུག ང་ཚོའི་སློབ་གྲྭ་ཁག་ལ་ཆ་བཞག་པ་ཡིན་ན། སྔོན་མ་སློབ་ཕྲུག་ཞེ་བུ་ཡོད་མོད། དེང་སང་སློབ་ཕྲུག་ཉུང་དུ་ཕྱིན་ནས་སློབ་གྲྭའི་གཞི་རྩའི་གནས་སྟངས་འགྱུར་ཡོད། སྔོན་མ་ང་ཚོ་ལས་ཀ་བྱེད་པའི་སྐབས་ལ། ང་ཚོ་བོད་ཕྲུག་ཁྱིམ་སྡེར་ཆ་བཞག་པ་ཡིན་ན། ང་ཚོས་སྤྱིན་བདག་ལ་སློང་རྒྱག་ཡ་དང་། ཕ་གིར་ཁྱབ་སྒྲག་བྱེད་ཡ་དཀའ་ངལ་ཚང་མ་ཕྲུ་གུ་མང་དྲགས་པའི་སྐྱོན་འདུག་དང་། སྡོད་ས་མི་འདུག ཉལ་ཁང་མི་འདུག འཛིན་ཁང་མི་འདུག་ཟེར་ནས་འཚོ་བ་བསྐྱལ་བསྡད་པ་རེད། ད་ག་ནང་བཞིན་སྤྱིན་བདག་བཙལ་བསྡད་པ་རེད། དེང་སང་དེ་འདྲ་རེད་མི་འདུག རྦད་དེ་འགྱུར་ནས་ཉུང་དྲགས་འདུག་ཟེར་ནས་ང་ཚོ་བོད་པའི་ཕྲུ་གུ་མ་ཡིན་པ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་དང་རྒྱ་གར་ཕྲུ་གུ་ལེན་དགོས་ཡ་དང་། དེ་འདྲ་མ་བྱས་ཕྱིན་ག་ལེར་སློབ་གྲྭ་ཚང་མའི་ཁྱིམ་ཚང་དང་། འཛིན་ཁང་ཉུང་དུ་གཏོང་དགོས་པའི་གནས་ཚུལ་ཆགས་བསྡད་འདུག བྱས་ཙང་དེང་སང་བསམ་བློ་གཏོང་སྟངས་ཁོ་རང་ཐོག་ནས་སོ་སོ་རང་སློབ་སྦྱོང་གང་སྤུས་དག་དག་ཅིག་བྱེད་ཡ། གཞུག་མ་ལས་ཀ་ཡག་པོ་ཞིག་རག་ཡ། ཨི་ནི་བྱུང་ན་ཕྱི་རྒྱལ་ལ་འགྲོ་ཡ་རག་སོང་ན་ལྷ་ཡུལ་ལ་སླེབ་པའི་བཟོ་འདྲ་བོ་ཞིག་བརྩི་ཡི་འདུག སླེབ་ཀྱི་ཡོད་ཀྱང་མེད་ཀྱང་བསམ་བློ་གཏོང་སྟངས་དེ་འདྲ་རང་རེད་འདུག དེ་འདྲའི་ཐོག་ནས་སྤྱི་པའི་དོན་དག་ལ་ལས་ཀ་བྱེད་ཡ་དེ་ཤུགས་ཆུང་དུ་འགྲོ་ཡི་ཡོད་རེད་ལབས་ན་ངས་ཏག་ཏག་རང་ལབ་ཐུབ་ཀྱི་མ་རེད། ཡིན་ཡང་བསམ་ཚུལ་ཐོག་ནས་བཤད་པ་ཡིན་ན། མང་པོ་ཞིག་འགྱུར་བ་ཆེན་པོ་འགྲོ་དུས་དེ་འཐོར་བསྡད་པ་འདྲ་བོ་ཞིག་བྱེད་ཀྱི་འདུག སེམས་ཤུགས་འཐོར་འགྲོ་ཡི་ཡོད་རེད། བྱས་ཙང་དེའི་གནས་ཚུལ་དེ་ཁག་པོ་ཞེ་དྲག་རེད། དཔེ་བཞག་ན། རྒྱ་གར་ནང་གཅིག་པུར་ཆ་བཞག་ན། རྒྱ་གར་གནད་འགག་ཆེན་པོ་ཆགས་བསྡད་ཡོད། ང་ཚོའི་སྐྱབས་བཅོལ་གཞུང་འདིར་ཡོད། སྐྱབས་བཅོལ་གྱི་འཛིན་སྐྱོང་སྒྲོམ་གཞི་དང་། སློབ་གྲྭའི་སྒྲོམ་གཞི། དགོན་སྡེ་ཁག་གི་སྒྲོམ་གཞི། གཞིས་ཆགས་ཀྱི་སྒྲོམ་གཞི་ཚང་མ་འདིར་ཡོད། འདི་ཧྲ་ཏག་ཏག་བཟོ་བའི་ཐོག་ལ་ཤུགས་ཤིག་རྒྱག་དགོས་ཀྱི་ཡོད། དེ་དག་ཚང་མ་ཉམས་རྒུད་འགྲོ་ཡི་འདུག ང་ཚོ་བོད་གཞུང་གི་སྲིད་ཞུ་ལས་བྱེད་ཡིན་ན་རེད། ད་ག་ནང་བཞིན་ཆབ་སྲིད་ཐོག་ལ་ང་ཚོའི་བཀའ་བློན་རྣམ་པ་ཚོ་ཡིན་ན་རེད། ཡང་སྤྱིན་མཐུན་ནང་དུ་ཡིན་ན་རེད་མང་ཆེ་བ་ཧ་ལམ་ཕྱི་རྒྱལ་ནས་ཚུར་ཡོང་དགོས་པ་ཆགས་ཀྱི་འདུག ཐོག་མར་མང་ཆེ་བ་གོ་སྐབས་ཡོད་ན་ཕ་གིར་ཕར་ཕེབས། དེ་ནས་ག་ལེར་ཕ་ནས་ཚུར་ལོ་ལྔ་དྲུག་རྗེས་ལ་བཀའ་བློན་ཆགས་ཡ་འདྲ་བོ་དང་ཡང་འཛིན་སྐྱོང་གི་ལས་ཀ་བྱེད་ཡ་འདྲ་བོ་ཞིག་ཆགས་ཀྱི་འདུག ངས་དེ་ཡག་པོ་རང་མཐོང་གི་མེད། ག་རེ་བྱས་ནས་མཐོང་གི་མེད་ཟེར་ན། སྤྱི་ཚོགས་གནས་ས་དེའི་ནང་སྒང་ལ་སྡོད་མཁན་དེ་དག་ཕྱི་ནས་ཡོང་དགོས་པ་ཆགས་སོང་ན། སྤྱི་ཚོགས་ཀྱི་འཕོ་འགྱུར་འགྲོ་སྟངས་དེ་སྤུས་དག་པོ་མ་རེད་བསམ་གྱི་ཡོད། ཡིན་ཡང་གནས་སྟངས་ད་ག་རང་ཆགས་བསྡད་ཡོད། བྱེད་ཡ་གང་ཡང་མེད། ད་ག་རང་ནས་ཁ་གསལ་པོར་དོན་ཡོང་གི་འདུག ཁྱོད་ཀྱི་དྲི་བ་དེའི་ཁ་ཐོར་སོང་། ཏག་ཏག་འགྲེལ་མ་སོང་། སེམས་ཤུགས་ཁེལ་སྟངས་དང་དེ་འདྲའི་ཐོག་ནས་ཁྱད་པར་ཆེན་པོ་ཡོད། ༦༠་༧༠་༨༠སྐབས་ཀྱི་སློབ་སྦྱོང་བྱེད་མཁན་ཡིན་ན་རེད། ལས་བྱེད་ཡིན་ན་རེད། ཁོང་ཚོའི་ལས་ཀ་བྱེད་སྟངས་དང་དེང་སང་གི་ལས་ཀ་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ཕྱིན་བསྡད་ཡོད། དེ་སུས་ཉམས་ཞིབ་བྱས་པ་ཡིན་ཡང་གསལ་པོར་མར་དོན་ཡོང་གི་རེད། གང་ཡིན་ཟེར་ན་གཙོ་བོ་ལས་དོན་ཐོག་ལ་སེམས་ཤུགས་ཆེ་ཆུང་གི་སྐད་ཆ་རེད། དེང་སང་ཉམས་མྱོང་ཆེ་བ་འདྲ་ཞིག་ཡོད་རུང་སེམས་ཤུགས་ཞེ་དྲག་མེད་པ་ཡིན་ན་ཕན་ཐོགས་ཀྱི་མི་འདུག དེ་འདྲའི་ཐོག་ནས་ཡར་མར་ཁྱད་པར་ཆེན་པོ་ཕྱིན་ཡོད་བསམ་གི་འདུག རང་ཐར།
-
དྲི་བ། ༩ ད་ལྟ་རྒན་ལགས་ཀྱིས་སོ་སོའི་མི་ཚེ་ལ་ཕྱིར་ལྟ་བྱེད་སྐབས། སེམས་ནང་ཆེས་སྤོབས་པ་ཆེ་ཤོས་ཀྱི་བྱ་བཞག་གཅིག་དང་དེ་བཞིན་གནོང་འགྱོད་ཆེ་ཤོས་ཀྱི་ རྒན་ངག་དབང་རྡོ་རྗེ།
ལན་: ང་རང་གི་མི་ཚེ་སྒུམ་ཙམ་དེའི་ལོ་རྒྱུས་ཁོ་རང་ཐོག་ནས་ཞུས་པ་ཡིན་ན། ད་ཅི་ངས་ཞུས་པ་ནང་བཞིན་མི་ཚེ་ཁོ་རང་སློབ་གྲྭའི་ཁོར་ཡུག་ཅིག་ནང་བསྐྱལ་བ་རེད། ཡིན་ཙང་ང་རང་སྤོབས་པ་ཆེ་ཤོས་འདྲ་བོ་དེ། ༧སྐྱབས་མགོན་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་གྱིས་ང་ལ་སློབ་སྦྱོང་ཞིག་རག་པ་རེད། སློབ་སྦྱོང་རག་པ་དེ་ངས་བེད་སྤྱོད་ཏག་ཏག་དང་སྤྱི་ཚོགས་ལ་ཕན་ཐོགས་ཡ་ཞིག་ང་རང་ངོས་ནས་ཧུར་ཐག་འབད་ཐག་ཞུས་ཡོད་སྙམ་པའི་སེམས་ཤུགས་ཤིག་དང་སྤོབས་པ་ཞིག་ཡོད། དེ་ཤུགས་ཆེན་པོ་ཞེ་དྲག་ཡོད། ངས་མི་ཚེ་འཕྲོ་བརླག་བཏང་མེད་ཨང་བསམ་པ་ཡོད། བོད་པ་ཞིག་ཡིན་པའི་ཆ་ནས་སོ་སོར་སློབ་སྦྱོང་གི་གོ་སྐབས་རག་ཚར་བའི་རྗེས་ལ་སློབ་སྦྱོང་གང་རག་པ་དེ་སོ་སོའི་སྤྱི་ཚོགས་ཀྱི་ཁེ་ཕན་ཐོག་ལ་ངས་སྤུངས་ཡོད་ཨང་སྙམ་པའི་བསམ་བློ་ཤུགས་ཆེན་པོ་ཞེ་དྲག་ཡོད། ཡིན་ན་ཡང་སོ་སོས་ལས་ཀ་བྱེད་ཀྱིན་བྱེད་ཀྱིན་ནོར་འཁྲུལ་མང་པོ་ཡོང་གི་རེད། ཡིན་ཡང་རྐང་འདྲ་བོ་དེ་དངོས་གནས་སློབ་སྦྱོང་རག་པ་གཞིར་བཟུང་གིས་སློབ་གྲྭའི་ཁོར་ཡུག་ནང་ལས་ཀ་བྱེད་ཡ་རག ལས་ཀ་བྱས་པ་དེའང་ངའི་སྒང་དུ་སྡོད་མཁན་ཚོས་ང་ལ་་ལས་རིགས་འདྲ་མི་འདྲ་ལ་གོ་སྐབས་གནང་བ་རེད། གནང་བ་གཞིར་བཟུང་ང་རང་ངོས་ནས་འགན་ཆ་ཚང་ཁེལ་ཡོད་བསམ་གྱི་འདུག དེ་ལ་ང་སྤོབས་པ་ཆེན་པོ་ཞེ་དྲག་ཡོད། ཕྱོགས་གཅིག་ནས་ང་རང་ངོས་ནས་ཧུར་ཐག་འབད་ཐག་ཞུ་ཐུབ་ཡ་དེ་སོ་སོའི་ནང་མི་དང་འཁོར་འདྲ་བོ་མང་པོ་ཞིག་ཡོད་མ་རེད། དེས་ང་ལ་སོ་སོས་ལས་ཀ་བྱེད་དུས་ལས་རིགས་གང་ལ་ཡིན་ཡང་བརྒྱ་ཆ་བརྒྱ་ཐམ་པ་ཤུགས་རྒྱག་ཐུབ་ཡོད། དེ་ལ་ང་སྤོབས་པ་ཞེ་དྲག་ཡོད། རྐང་ད་ག་རང་རེད། འགྱོད་པ་གང་ཡོད་ཟེར་ན། མཐའ་མ་དེར་རེད། མཐའ་མ་དེར་ང་ཕ་གིར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་སྤྱི་བྱས་པ་རེད། ལོ་ལྔ་ལ་ངས་སློབ་སྤྱི་ཧུར་ཐག་འབད་ཐག་ཞེ་བུ་བྱས་ཡིན། ཕ་གིའི་ལས་བྱེད་དང་སློབ་ཕྲུག་ཚང་མས་ང་ལ་དགའ་པོ་ཞེ་བུ་བྱེད་ཀྱི་རེད། གང་ཡིན་ཟེར་ན། ངས་འགོ་བཙུགས་པ་རེད། ལས་གཞི་གང་ཡིན་ཡང་འགོ་འཛུགས་དུས་དཀའ་ལས་ཆེ་ཤོས་འདུག མཐུན་རྐྱེན་མ་ཚང་ནས་བཟོ་ལྟ་གཞི་ནས་བཟོ་དགོས་པ་དང་། སྒྲོམ་གཞི་ཡར་སློང་དགོས། དེ་ཡང་ངས་ཏག་ཏག་ཅིག་བསླངས་ཡོད་སྙམ་ནས་ང་རང་སྤོབས་པ་ཡོད། དྲང་པོ་ཞུས་པ་ཡིན་ན། མཐོ་སློབ་རང་གི་འགྲོ་སྟངས་འགྲོ་ལུགས་དང་བྱེད་སྟངས་བྱེད་ལུགས་ཐོག་ལ་ངས་དཀའ་ལས་དཔེ་བརྒྱབས་ཡིན། ཡིན་ན་ཡང་སོ་སོའི་ངོས་ནས་ཧུར་ཐག་འབད་ཐག་བྱས་ཀྱང་སོ་སོའི་སྒང་ལ་སྡོད་མཁན་དོན་གྱིནབདག་པོ་དེ་ལྷ་ལྕམ་སྐུ་ཞབས་རེད། ང་ཚོ་ཚང་མས་ཡོངས་གྲགས་སུ་ཨ་མ་རྗེ་བཙུན་པདྨ་ཞེས་འབོད་སྡོད་ཀྱི་ཡོད། མཐོ་སློབ་དེར་སློབ་སྤྱིའི་མིང་ཐོག་ནས་ལས་ཀ་བྱེད་བཞིན་པའི་སྐབས་ཤིག་ལ། ངས་འགྲིག་མེད་པའི་རྣམ་པ་འདྲ་ཞིག་ལྷ་ལྕམ་སྐུ་ཞབས་ཀྱིས་སྟོན་གནང་གི་རེད། དོན་དག་ཁྱོན་ནས་མེད་པར་ད་ག་ཙམ་ཚོགས་གཏམ་གཏོང་གནང་བ་འདྲ་བོ་དང་། ཨི་ནི་ག་དུས་ཡིན་ཡང་མཐོ་སློབ་ཏུ་ཕེབས་པ་དང་རྣམ་འགྱུར་མི་འདྲ་བ་སྟོན་ཡ་འདྲ་བོ་ཡོང་གི་འདུག ང་རང་ངོས་ནས་ཧུར་ཐག་འབད་ཐག་ཞུས་བསྡད་པ་ཡིན། ད་རུང་ག་རེ་གནང་གི་ཡོད་དམ་སྙམ་པའི་དོགས་པ་ཡོང་གི་འདུག བྱས་ཙང་ངས་སློབ་གྲྭ་འགོ་བཙུགས་པ་དང་ལས་ཀ་ལོ་ལྔ་ཚང་མ་བྱས་པའི་རྗེས་ལ། ཁོང་རང་གི་ངོས་ནས་ང་ལ་གནང་སྟངས་དེར་ང་སེམས་ཞེ་བུ་སྐྱོ་བསྡད་ཀྱི་ཡོད། ཨི་ནི་མཐའ་མ་དེར་ངས་ཁར་ཐུག་ཞུས་པ་ཡིན། ང་ལ་གནད་འགག་གལ་ཡོད་མེད། གལ་སྲིད་ངའི་ལས་ཀ་བྱེད་སྟངས་ཁྱེད་རང་ལ་འགྲིག་གི་མི་འདུག་ན། སློབ་སྤྱི་གསར་པ་སྐོས། ང་ལ་ཁྱེད་པར་གང་ཡང་མེད་ཅེས་ཞུས་པ་ཡིན། ངས་ད་ནི་ང་བྱེད་ཀྱི་མིན་དང་ཁྱེད་རང་གིས་སློབ་སྤྱི་གསར་པ་འཚོལ་རོགས་ཞེས་སྙན་ཞུ་ཕུལ་བ་ཡིན། གང་ཡིན་ཟེར་ན་ངས་ལས་ཀ་ཧུར་ཐག་འབད་ཐག་བྱས་པ་ཡིན། དེའི་རྗེས་ལ་ཁྱེད་རང་གི་ལྟ་སྟངས་དང་ཐུགས་ལ་འགྲོ་ཡི་མེད་ན་ང་འདིར་བསྡད་ནས་ཆོ་གང་ཡང་མི་འདུག་ཅེས་ཞུས་པ་ཡིན། ང་རང་བོད་ཕྲུག་ཁྱིམ་སྡེའི་ནང་དགེ་རྒན་བྱས་པ་རེད། རྒན་ཆེ་བྱས་པ་རེད། སློབ་སྤྱི་བྱས་པ་རེད། དེ་བཞིན་ཤེས་ཡོན་འགན་འཛིན་བྱས་པ་རེད། དེའི་བར་ལ་རྙོག་དྲྭ་ཐིགས་པ་གཅིག་ཀྱང་མེད། ག་དུས་ཡིན་ཡང་ལྷ་ལྕམ་ཁོང་རང་ངོས་ནས་ང་ལ་བསྟོད་བསྔགས་ཞེ་དྲག་གཏོང་གནང་གི་རེད། ངས་ཀྱང་ཧུར་ཐག་འབད་ཐག་ཞུས་པ་ཁོང་རང་གིས་མཁྱེན་གྱི་རེད། མཐོ་སློབ་དེ་ལ་འགོ་འཛུགས་དུས་ང་ལ་མཉེས་པོ་དཔེ་གནང་གི་ཡོད། དེ་ནས་ལོ་རིམ་བཞི་པ་ལྔ་པ་ལ་ཏག་ཏག་ཅིག་བསྡད་མ་སོང་། ང་ཡང་མ་སྐྱིད་པ་ཆགས། ཁོང་ཡང་མ་སྐྱིད་པ་ཆགས། ང་ཚོ་ཚོགས་འདུ་འཚོག་དུས། ཕར་ཚུར་བཤད་རེས་ཐུག་བསྡད་ཀྱི་འདུག ཨི་ནི་ངས་ད་ཡོང་ས་མ་རེད། དགོངས་པ་ཞུ་ཡི་ཡིན་ཟེར་ནས་དགོངས་པ་ཞུས་པ་ཡིན། དེ་ངའི་སེམས་གཏིང་ན་སོ་སོའི་ངོས་ནས་ཧུར་ཐག་འབད་ཐག་བྱས་པ་ཡིན་ནའང་རྒྱུ་དང་རྐྱེན་གཅིག་གི་ཐོག་ནས་ཁོང་རང་ངོས་ནས་ང་ལ་དགོངས་ཚུལ་དང་གཟིགས་ཕྱོགས་དེ་མ་འདྲ་བ་ཆགས་དུས་དེ་གང་ཡིན་ནམ་བསམ་གི་ཡོད། དེ་འདྲ་ཆགས་སོང་། དེ་ནས་ཕ་གིར་སྡོད་སྙིང་བྲོ་མ་སོང་། ང་རང་སྔ་སང་སང་དགོངས་པ་ཞུ་བའི་རྒྱུ་མཚན་དེ་རེད། རང་ཐར།
-
དྲི་བ། ༡༠ ད་ལྟ་རྒན་ལགས་ཀྱིས་བསམ་གཞིགས་དང་སེམས་ཁུར་ཆེ་ཤོས་བྱེད་སའི་གནད་དོན་ནམ་བྱ་དངོས་གང་ཡིན་སྐོར་བསྡུས་བསྡུས་ཤིག་གསུང་རོགས། རྒན་ངག་དབང་རྡོ་རྗེ།
ལན་: ད་ལྟ་ང་ནང་ལ་འདི་ལྟར་བསྡད་ཡོད། བར་དེར་ཁྱེད་རང་ཚོའི་ཡིག་སྒྱུར་ལས་ཁུངས་དེར་ལོ་གཅིག་དང་ཕྱེད་ཀ་ཙམ་བསླབས་བསྡད་པ་ཡིན། དེ་སྐྱིད་པོ་བྱུང་། དུས་ཚོད་འཁྱུག་ཙམ་མ་གཏོགས་མེད་ཀྱང་ཁྱེད་རང་ཚོ་སློབ་སྦྱོང་ལ་བརྩོན་པོ་འདུག ཡང་ཆེད་དུ་མངགས་ནས་སྡེ་ཚན་ཆུང་ཆུང་ཞིག་ཡོད་པ་ལ་ང་དང་རྒན་ཡིད་ཤེས་ངེད་གཉིས་ཀྱིས་རོགས་པ་བྱེད་རོགས་ཞེས་འཛིན་སྐྱོང་གིས་གསུངས་པ་ནང་བཞིན་ངེད་གཉིས་ཀྱིས་ཏོག་ཙམ་བྱས་ཐུབ་པ་རེད། ཕན་ཐོགས་སོང་བསམ་པ་འདྲ་ཞིག་བྱུང་བས། སྐྱིད་པོ་བྱུང་། དེ་འདྲ་ཞིག་རེད། ད་ལྟ་སོ་སོ་འདི་ལྟར་སྡོད་དུས། དམིགས་བསལ་གྱི་སྒྲིང་འཛུགས་ནང་བསྡད་མེད་པ་དང་། འཚོ་བ་རང་སྐྱོང་རང་བྱས་ནས་འདི་ལྟར་སྡོད་དུས། ད་ལྟ་ངས་བསམ་བློ་གཏོང་ཡ་མང་ཆེ་བ་དེ་ནང་ཆོས་སློབ་སྦྱོང་ཡག་པོ་ཞིག་བྱེད་ཐུབ་ན་བསམ་གྱི་ཡོད། སྤྱིར་བཏང་ང་ལ་ཀློག་པའི་གོམས་གཤིས་དེ་ཆུང་ཆུང་ནས་ཡོད། དེང་སང་ངས་ཀློག་ཡ་ཆ་ཚང་ནང་ཆོས་སྐོར་རེད། ནང་དོན་རིག་པའི་སྐོར་ལ་༧སྐྱབས་མགོན་རིན་པོ་ཆེའི་ཕྱག་དེབ་རེད། ད་ག་ནང་བཞིན་ནང་ཆོས་མཁས་པ་དང་། ལྟད་མོ་ཞིག་བལྟས་པ་ཡིན་ཡང་། YouTubeབསྔོགས་ནས་ནང་ཆོས་ཀྱི་དགེ་བཤེས་བླ་མ་བཙལ་ཏེ་ལྟ་ཡི་ཡོད། སོ་སོའི་ངོས་ནས་དེབ་ཀློག་ཡ་ཆ་ཚང་ནང་ཆོས་རང་ཡིན། སྔོན་མ་ཡིན་ན། ང་སྒྲུང་དང་རྩོམ་རིག་ཀློག་ཡ་དགའ་པོ་ཡོད། དེ་ཚོ་དེང་སང་ཀློག་སྙིང་བྲོ་ཡི་མི་འདུག དེང་སང་ནང་དོན་རིག་པའི་ལྟ་གྲུབ་ཐོག་ནས་གང་མང་མང་ཞིག་ཤེས་ན་བསམ་པའི་བརྩོན་འགྲུས་ཞེ་བུ་བྱེད་ཀྱི་ཡོད། ངའི་བོད་ཡིག་གནས་ཚད་ཧང་སང་བའི་ཡག་པོ་མེད། ཡིན་ཡང་ཨུ་ཚུགས་བརྒྱབས་ནས་ཀློག་བསྡད་ཀྱི་ཡོད། ངས་ཏོག་ཙམ་ཤེེས་པ་དེ་ཨིན་ཇི་རེད། བྱས་ཙང་ཨིན་ཇི་བརྒྱུད་ནས་གང་བཀླགས་པ་ཡིན་ཡང་མགོ་ཚུད་ཀྱི་འདུག་པས་དེ་དག་ཀློག་གི་ཡོད། ཡང་ཀློག་གིན་ཀློག་གིན་མཉམ་དུ་ཉམས་ལེན་འདྲ་བྱེད་ཐུབ་ན་བསམས་ནས་ཁ་འདོན་དགེ་སྦྱོར་བྱེད་ཡ་དང་། དེ་བཞིན་སྒོམ་ཏོག་ཙམ་ཏོག་ཙམ་རྒྱག་ཡ་བྱེད་ཀྱི་ཡོད། དེང་སང་ངའི་བསམ་བློ་མང་ཆེ་བ་དེའི་སྒང་ལ་རེད། ཡར་མར་འཛིན་གྲྭ་ལེན་དགོས་ཀྱི་མེད་ཙང་། ཞོགས་པ་ནས་སྔ་སང་སང་ལངས་ཏེ་མང་ཆེ་བ་ཀློག་ཡ་དང་། ཞལ་འདོན་སྐྱོར་ཡ་རང་བྱེད་ཨེ་ཐུབ་ལྟ་ཡི་ཡོད། ལྟད་མོ་ཞིག་བལྟས་ཀྱང་དེ་རང་ལྟ་བསྡད་ཀྱི་ཡོད། དལ་འབྱོར་ཟེར་ཡ་དེ་ད་ལྟ་ང་ལ་རག་ཡོད་པའི་བཟོ་འདྲ་ཞིག་འདུག ཧཧཧ། དལ་འབྱོར་རག་པའི་སྐབས་ལ་སོ་སོའི་ངོས་ནས་ཏོག་ཙམ་རིག་པ་བསྒྲིམས་ཏེ་ནང་ཆོས་ཐོག་སློབ་སྦྱོང་ཏོག་ཙམ་ཡག་པོ་འདྲ་བྱེད། ཨི་ནི་ཡང་གོ་བ་འདྲ་ཏོག་ཙམ་ཆགས་སོང་ན། ཉམས་ལེན་འདྲ་ཏོག་ཙམ་གང་བྱེད་ཐུབ་པ་འདུག་ལྟ་བའི་སྒང་ལ་ངས་དུས་ཚོད་མང་ཆེ་བ་སྐྱེལ་གྱི་ཡོད། ཡང་ལུས་རྩལ་རྩེད་ཡ་དང་། སོ་སོའི་གཟུགས་པོ་བདག་པོ་རྒྱག་ཡ་དང་། མང་ཆེ་བ་དེ་འདྲ་རང་རེད། ཡང་འདིའི་གཡས་གཡོན་ལ་རོགས་པ་བྱེད་ཡ་དང་། སྐད་ཆ་བཤད་པར་ཤོག་ལབས་ན་ཡར་མར་འགྲོ་འདུག་གི་ཡོད། དེ་འདྲ་མ་གཏོགས་ལྷོད་ལྷོད་བྱས་ཏེ་སློབ་སྦྱོང་གཏིང་མ་དེ་བྱེད་ཀྱི་ཡོད། སློབ་སྦྱོང་གཏིང་མ་དེ་དགའ་པོའི་ངང་ནས་བྱེད་ཀྱི་ཡོད། མི་གཞན་ལ་བསྟུན་མི་དགོས། གཅིག་གིས་གང་ལབ་ཡོང་དང་གཉིས་ཀྱིས་གང་ལབ་ཡོང་སྙམ་པའི་སེམས་ཁྲལ་བྱེད་མི་དགོས། སྒྲིག་འཛུགས་ནང་བསྡད་ན་མཚམས་མཚམས་དེ་འདྲ་ཡོང་གི་ཡོད། དེ་འདྲ་བསམ་བློ་གཏོང་མི་དགོས་པར་གང་བྱེད་ཀྱི་དུས་ཚོད་ཆ་ཚང་སོ་སོའི་ལག་པར་ཡོད་དུས། ང་ལ་ཀློག་པའི་གོམས་གཤིས་དེ་ཐོག་མར་ཆུང་ཆུང་ནས་འཇགས་ཚར་བའི་རྗེས་ལ། ཀློག་ཡ་མེད་ན་དུས་ཚོད་འགྲོ་ཡི་མེད་པའི་བཟོ་འདྲ་འདུག ཀློག་ཡ་དེ་ཡང་ནང་དོན་རིག་པ་དང་ལྟ་གྲུབ་ཀློག་དུས། དཔེ་སྐྱིད་པོ་འདུག འདི་ལ་ཤུགས་རྒྱག་ཡ་ཕལ་ཆེར་འཕྱི་དྲགས་འདུག་སྙམ་པའི་ཚོར་སྣང་ཞིག་ཡོང་གི་འདུག དེ་འདྲའི་སེམས་ཤུགས་ཤིག་སྐྱེ་ཡོང་གི་འདུག དུས་ཚོད་མང་ཆེ་བ་དེའི་སྒང་ལ་སྐྱེལ་གྱི་ཡོདས། རང་ཐར།
-
དྲི་བ། ༡༡ མཐར་རྒན་ལགས་ཀྱིས་གཟིགས་ན། ང་ཚོ་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་གནས་བབས་དེ་ཅི་འདྲ་ཞིག་ཏུ་འགྱུར་བཞིན་འདུག་གམ། རྒན་ངག་དབང་རྡོ་རྗེ།
ལན་: ང་ཚོ་བོད་པའི་རྩ་དོན་གི་གནས་སྟངས་སྒང་ལ་བསམ་མནོ་གཏོང་དུས། ཐུག་ས་ལྟེ་བ་དེ་བོད་ནང་ལ་ཡོད་མཁན་རང་ལ་ཞེ་བུ་རག་ལས་འདུག བོད་ནང་གི་སོ་སོའི་ཕ་ཡུལ་ལ་འདུག་མཁན་མདོ་སྟོད་སྨད་དབུས་གཙང་གང་ཡིན་ཡང་ཁོང་ཚོ་ཕ་གིར་རྒྱ་མིའི་གདུག་རྩུབ་འོག་ལ་མར་མནན་བསྡད་ཡོད་ཀྱང་། ཁོ་ཚོའི་བསམ་བློ་གཏོང་སྟངས་དེ་མཁྲེགས་ཐག་ཆོད་ཅིག་བསྡད་པ་ཡིན་ན། མུ་མཐུད་གནས་ཀྱི་རེད་བསམ་གྱི་འདུག བོད་ནང་ལ་ཡོད་པའི་བོད་མི་ཚོས་རྒྱ་མི་མཉམ་དུ་འདྲེས་མ་འདྲ་བོ་ཆགས་ནས་མི་ཐོག་གང་འཚམ་ཕྱིན་ཏེ་རྒྱ་མི་སུ་ཡིན་དང་བོད་པ་སུ་ཡིན་ཧ་མི་གོ་བ་ཆགས་ན། ཤུགས་རྒྱག་ཡ་ཞིག་ལྷག་མེད། སེམས་གཏིང་ན་བསམ་བློ་དེ་འཁོར་ཡོང་གི་འདུག གང་ཡིན་ཟེར་ན། སྐྱབས་བཅོལ་ནང་ད་ཅི་ངས་ཞུས་པ་ནང་བཞིན་མི་འབུམ་གཅིག་དང་སྟོང་ཕྲག་ལྔ་བཅུ་དྲུག་ཅུའི་སྐད་ཆ་བཤད་ཀྱི་ཡོད། རྒྱ་གར་ནང་གཅིག་པུ་ཡིན་ན་ཕལ་ཆེར་འབུམ་གཅིག་ལྷག་མིན་འགྲོ རྒྱ་བལ་འབྲུག་གསུམ་བསྡོམས་པ་ཡིན་ན་ཏོག་ཙམ་ཞིག་ཆགས་ཡོད་འགྲོ ཨི་ནི་ཕྱི་རྒྱལ་འདྲ་མི་འདྲར་ཡོད་པ་ཚང་མ་བསྡོམས་པ་ཡིན་ན་སྟོང་ཕྲག་ལྔ་བཅུ་དྲུག་ཅུ་ཡོད་དམ། བོད་གཞུང་གི་ཉེ་ཆར་གྱི་ཡིག་ཆ་དེ་འདྲ་མཐོང་མ་སོང་། ངས་ཚོད་དཔག་རྒྱག་གི་ཡོད་པས་ཏན་ཏན་མེད། ཡིན་ན་ཡང་ང་ཚོ་ལ་ཁེ་ཕན་ག་རེ་ཡོད་ཟེར་ན། ང་ཚོ་རང་དབང་ལུང་པར་སླེབ་ཡོད། རང་དབང་ལུང་པར་སླེབ་དུས་ང་ཚོ་ལ་འཛིན་སྐྱོང་གི་སྒྲོམ་གཞི་ཞིག་ཡོད་ཡོད་པ་རེད། སྐྱབས་བཅོལ་གཞུང་ཞིག་ཡོད་རེད། གྲོས་ཚོགས་ཡོད་རེད། ས་གནས་གང་སར་བོད་མི་ཆགས་དུས་བོད་མིའི་སྡེ་ཁག་བཙུགས་ཡོད་རེད། གང་དུ་ཡིན་ཡང་རུག་རུག་འདྲ་བོ་བཟོས་ནས་བོད་རང་དབང་སློབ་ཕྲུག་ཚོགས་པ་ཟེར་བ་འདྲ་བོ་དང་། བུད་མེད་ཚོགས་པ་དང་། གཞོན་ནུ་ཚོགས་པ། དེ་བཞིན་སྐྱིད་སྡུག་ཁག་སྣ་ཚོགས་ཡོད་ཡོད་རེད། ཨ་རི་ལ་ཕྱིན་ནའང་ད་ག་རང་ཡོང་གི་འདུག མང་པོ་ཞེ་བུ་ཞིག་སྡེ་ཁག་སོ་སོའི་གནས་སྟངས་དེ་བོད་དོན་ཁོ་རང་ལ་བསམ་བློ་བཏང་ནས་ག་ཚོད་ཤུགས་རྒྱག་ཐུབ་མིན་རག་ཞེ་བུ་ལས་འདུག གཞན་མ་གཏོགས་ང་ཚོ་སྐྱབས་བཅོལ་ནང་མི་ཞེ་དྲག་ཉུང་ཉུང་རེད། ཉུང་དུས་གང་སར་ཐོར་ཕྱིན་པ་ཡིན་ན། གང་འཚམ་ཞིག་ལ་ངའི་མི་ཐོག་འདི་བོད་པ་རང་བསྡད་དེ་སོ་སོའི་སེམས་ཤུགས་ཡོད་པ་ཞིག་བསྡད་ཐུབ་པ་ཡིན་རུང་། ངའི་ཕྲུ་གུ་ལོ་ཉི་ཤུ་སུམ་ཅུའི་ནང་སླེབ་ཡོད། ཁོ་རང་ཚོ་དང་ཁོ་རང་ཚོའི་ཕྲུ་གུ་ལ་བསམ་བློ་ཞིག་བཏང་བ་ཡིན་ན། ང་ཚོས་རུག་རུག་གི་འབྲེལ་བ་སྤུས་དག་པོ་ཞིག་བཟོ་མ་ཐུབ་པ་ཡིན་ན་ལྷུད་ཤིག་གེར་གང་འཚམ་ཞིག་ནས་འཐོར་འགྲོ་བའི་ཉེན་ཁ་འདུག དེ་འདྲ་ཕྱིན་པ་ཡིན་ན་གནས་སྟངས་ཐབས་སྐྱོ་བོ་འདྲ་ཞིག་ཆགས་མི་ཡོང་ངམ། ཡིན་ན་ཡང་ལྷུ་འགྲིག་པོ་འདྲ་ཞིག་མུ་མཐུད་ནས་ཡོད་ན། ས་གནས་གང་དང་ལུང་པ་གང་དུ་ཡོད་མེད་ལ་ཁྱད་པར་ཞིག་མི་འདུག དེང་སང་འཕྲུལ་ཆས་ཡག་པོ་ཡོད་ཙང་ས་ཆ་གང་དུ་ཡོད་ཀྱང་འབྲེལ་བ་དང་ཁ་བརྡ་འཁྲིས་ལ་ཡོད་པ་ནང་བཞིན་བྱེད་ཡ་ཡོད། དེ་ང་ཚོས་བེད་སྤྱོད་ཡག་པོ་ཞིག་བཏང་ནས་བོད་པ་སོ་སོའི་འགྲོ་སྟངས་འདུག་སྟངས་ཐོག་དང་། སོ་སོ་བོད་པ་ཡིན་པའི་ངོ་བོ་དང་། རྩ་དོན་གྱི་གནད་འགག་དོན་ལ་ཤུགས་རྒྱག་ཡ་དེ་ཞེ་བུ་གལ་ཆེན་པོ་རེད། དེ་ཡིན་ཡང་ང་ཚོའི་ངོས་ནས་ཁ་གསལ་པོ་འདྲ་བོ་ཞིག་དགོས་ཀྱི་འདུག གནས་ཚུལ་ཐབས་སྐྱོ་བོ་ཞིག་ལ་གཞོན་ནུ་རུ་ཁག་འཁྲུག་བསྡད་ཡ་འདྲ་བོ། ཆོལ་ཁ་ཆོལ་གསུམ་གྱི་རུ་ཁག་འཁྲུག་བསྡད་ཡ་འདྲ་བོ། ཆོས་རྒྱུད་ཁག་དེ་དག་འཁྲུག་བསྡད་ཡ་འདྲ་བོ། ང་རང་ཚོའི་ནང་ལོགས་ལ་འདི་ལྟར་ཞིབ་དཔྱོད་བྱས་པ་ཡིན་ན། སྐྱོན་མང་པོ་འདུག མང་པོ་ཞིག་ནི་ན་ཚ་རྙིང་པ་འདྲ་བོ་རེད་འདུག ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་དེ་དག་མི་དགོས་པ་རང་རེད། ད་དུང་ཡོང་བསྡད་ཀྱི་འདུག དེའི་སྒང་ལ་བོད་ནས་ཚུར་ཡོང་མཁན་དང་རྒྱ་གར་ནང་ཆགས་མཁན་བར་ལ་གསར་འབྱོར་དང་རྙིང་འབྱོར་ཟེར་ནས་མཚམས་མཚམས་ལྟ་བ་མཐུན་ལ་མི་མཐུན་ཞིག་ཡོང་གི་འདུག དེ་འདྲའི་དབྱེ་བ་དང་མ་འདྲ་བ་ལ་མཐུད་རྒྱག་མི་ཐུབ་པའི་རྐྱེན་མང་ནས་མང་དུ་ཕྱིན། དེའི་སྒང་ལ་ང་ཚོ་ཐོར་ཕྱིན་པ་ཡིན་ན། སྐྱབས་བཅོལ་རང་ལ་ཞེ་དྲག་རེ་བ་རྒྱག་ས་མེད་པ་འདྲ་བོ་ཆགས་ཀྱི་འདུག ད་ག་ནང་བཞིན་གཞིས་ཆགས་ཁག་ལ་ཆ་བཞག་པ་ཡིན་ན། ལོ་ལྔ་བཅུ་དྲུག་ཅུ་འགྲོ་ཡོད་མོད། ཞེ་དྲག་ཡར་རྒྱས་འགྲོ་ཡི་མི་འདུག སྒྲིག་འཛུགས་ཤིག་གི་ཐོག་ནས་ལབས་ཡིན། ང་ཚོ་འདིར་བྷེ་ལ་ཀོ་བྷི་ལ་བསྡད་དེ་ལོ་གཅིག་ལྷག་ཅིག་ཕྱིན་ཡོད། གནས་གཤིས་དང་ས་ཆའི་བབ་ཚང་མ་སྐྱིད་ཐག་ཆོད་འདུག་ཀྱང་། བསྟན་པ་ཆབ་སྲིད་དང་དེ་འདྲའི་ཐོག་ལ་ཧང་སང་བའི་ཚ་ཚ་རུག་རུག་དང་འཛོམས་དགོས་ས་དང་འགྲོ་དགོས་ས་དེ་འདྲ་བཟོ་ཡི་མི་འདུག སོ་སོ་སྡེ་ཁག་སྡེ་ཁག་འགྲོ་བསྡད་པ་མ་གཏོགས་མི་འདུག ཨི་ནི་གང་ལེར་ང་ཚོས་ནམ་རྒྱུན་ལབ་པ་ནང་བཞིན་སྟོང་འགྲོ་ཡི་འདུག མི་འབོར་ཉུང་ནས་ཉུང་ཕྱིན། སློབ་ཕྲུག་ཉུང་ནས་ཉུང་དུ་ཕྱིན། དགོན་སྡེ་ཁག་གི་སྐུ་ཞོག་ཉུང་ནས་ཉུང་དུ་ཕྱིན་ནས་དེང་སང་ཚང་མ་ཉུང་དུ་འགྲོ་ཡི་འདུག བྱས་ཙང་ཚ་ཚ་རུག་རུག་ཞེ་བུ་མེད་ཕྱིན་གང་འཚམ་ཞིག་ནས་གནས་སྟངས་དེ་ཏོག་ཙམ་ཁག་པོ་ཆགས་ཀྱི་རེད། བྱས་ཙང་སེམས་ཁྲལ་ཞིག་ཡོང་གི་འདུག སེམས་གཏིང་ན་ད་གནས་ཚུལ་གང་འདྲ་ཞིག་ཆགས་ཡོང་བསམ་པ་ཡོང་གི་འདུག ང་ལ་བསམ་བློ་ག་རེ་འཁོར་ཡོད་ཟེར་ན། སྔོན་མ་ཐོག་མར་༥༩ལོར་༧སྐྱབས་མགོན་རིན་པོ་ཆེས་སྒྲོམ་གཞི་བཙུགས་པ་དེ་། རྒྱ་གར་ནང་ལ་ཡོད་པའི་གཞིས་ཆགས་ཁག་རྣམས་དང་། སློབ་སྦྱོང་དང་ཆོས་ཕྱོགས་ཀྱི་ཐོག་ནས་སྒྲོམ་གཞི་དང་སྲ་བརྟན་ཡོད་པ་རྣམས་ཡག་པོ་ཞིག་བདག་པོ་བརྒྱབས་ནས་སྤུས་དག་ཏུ་གཏོང་མ་ཐུབ་པ་ཡིན་ན། ཞེ་དྲག་རེ་བ་རྒྱག་ས་མི་འདུག དཔེ་བཞག་པ་ཡིན་ན། ང་ཚོའི་གཞིས་ཆགས་བྷེ་ལ་ཀོ་བྷེ་ལ་ཆ་བཞག་པ་ཡིན་ན། ང་ཚོ་འདིར་ས་ཆ་འདི་འདྲའི་ཡག་པོ་ཞིག་ཡོད་རེད་མོད། འཛུགས་སྐྲུན་གང་ཡང་མེད། དམིགས་བསལ་གཞོན་སྐྱེས་ཚོ་ལ་གང་ཡང་མེད། ང་ཚོས་རྐང་དགོངས་པ་གང་བཞེས་དགོས་ཟེར་ན། མི་ཐོག་ནས་མི་ཐོག་མུ་མཐུད་ལ་སྡོད་པའི་བརྩིས་རྒྱག་དུས། གཞོན་སྐྱེས་ཚོ་འདིར་འདུག་ས་དང་འཁོར་ས་ཞིག་བཟོ་དགོས་ཀྱི་ཡོད། དེ་གང་ཡང་ཡོང་གི་མི་འདུག ང་ཚོའི་གཞིས་ཆགས་ནང་མང་ཆེ་བ་རྒན་འཁོགས་དང་ཕྲུ་གུ་མ་གཏོགས་མི་སྡོད་པའི་རྒྱུ་མཚན་གང་རེད་ཟེར་ན་གོ་སྐབས་མི་འདུག གཞོན་སྐྱེས་ཚོ་གཞིས་ཆགས་ལ་སྡོད་པའི་གོ་སྐབས་གང་ཡོད་བསམ་བློ་བཏང་བ་ཡིན་ན་ཞེ་དྲག་མི་འདུག དེ་འདྲའི་འཛུགས་སྐྲུན་ཐོག་ལ་ང་ཚོས་དགོངས་པ་ཆེ་བཞེད་་བྱེད་དགོས་ཡ་དང་། འགྱུར་བ་ཆེན་པོ་གཏོང་བ་དང། བསྟན་པ་ཆབ་སྲིད་དང་ཤེས་ཡོན་ཐོག་ལ་གཞུང་ངོས་ནས་ཤུགས་ཤིག་མ་བརྒྱབས་པ་ཡིན་ན། ང་ཚོ་ལ་རེ་བ་མེད། གཞོན་སྐྱེས་ལོ་ཉི་ཤུ་སུམ་ཅུའི་ནང་སླེབ་པ་གཞིས་ཆགས་ནང་སྡོད་དགོས་ཟེར་ན། གང་ཞིག་བྱེད་དགོས་རེད། བྱེད་ཡ་ཞིག་མི་འདུག འདིར་འཛུགས་སྐྲུན་དང་ཡར་རྒྱས་མ་བཏང་བ་ཡིན་ན། ཨི་ནི་གཞོན་སྐྱེས་ཚོའི་ཁ་ནུབ་ཕྱོགས་ལ་ཁ་བཏད་དེ་ཐབས་ཤེས་འདྲ་མི་འདྲ་བྱས་ནས་མི་འགྲོ་རང་འགྲོ་ཁེལ་གྱི་འདུག དེ་འདྲ་བྱས་ན་ཕང་པོ་ཆགས་ཀྱི་ཡོད། དེ་འདྲའི་ཐོག་ནས་གཞུང་གི་མཛད་གཙོ་རྣམ་པ་ཚོ་དང་། ཕྱག་ལས་གནང་མཁན་ཚང་མས་གནང་དགོས་ཡ་ཞེ་བུ་ཆགས་འདུག་ཀྱང་ལྟ་གིན་ལྟ་གིན་བྱེད་རྒྱུ་རེད། གཞན་ཁག་པོ་རེད། རང་ཐར།
-
དྲི་བ། ༡༢ རྒན་ལགས་ལ་གོང་གི་དྲི་བ་བཅུ་གཅིག་ནང་མ་འདུས་པའི་དགོངས་ཚུལ་ལམ་གནད་དོན་འདྲ་ཡོད་ན་གསུངས་རོགས།
ལན་: གཅིག་བྱས་ན་ག་རང་ཤེས་ཡོན་ནང་ལ་མི་ཚེ་བསྐྱལ་བས་མིན་ནམ། ངས་ང་ཚོ་བོད་མི་རིགས་དང་། སོ་སོའི་ལུང་པ་ཕར་ལོག་ཡ་རག་དང་རག་ཟེར་བ་ཚང་མ་ཐུག་ས་ལྟེ་བ་དེ་ཤེས་ཡོན་ལ་ཐུག་ཡོད་སྙམ། ང་ཚོས་གོ་ལག་ཆ་ཁྱེར་ནས་རྒྱ་མི་མཉམ་དུ་འཛིང་བའི་སྐད་ཆ་ཁྱོན་ནས་མེད། དེ་ཡོང་ཡ་ཡོད་མ་རེད། ཐབས་ཤེས་བྱས་པ་ཡིན་ཡང་ཡོང་གི་མ་རེད། ངས་ག་རེ་མཐོང་གི་ཡོད་རེད་ཟེར་ན། ང་ཚོ་མི་ཉུང་ཉུང་རེད་མོད། མི་ཉུང་ཉུང་དེ་གཅིག་ལས་ཤེས་བྱ་ཡོན་ཏན་ཡག་པ། ཚང་མར་སློབ་སྦྱོང་ཡོད་པ། མཐོང་རྒྱ་ཐོས་རྒྱ་ཡོད་པ། སྤྱི་ཚོགས་དང་དུས་ཚོད་འགྱུར་བ་འགྲོ་དུས། འགྱུར་བ་འགྲོ་བའི་འཛམ་གླིང་གི་གནས་སྟངས་ནང་སོ་སོའི་ངོས་ནས་ཕ་གིའི་རྗེས་ཟིན་པ་བྱེད་ཐུབ་པ། སོ་སོའི་མི་རིགས་ཐོག་ལ་ཡིན་ན་རེད། སོ་སོའི་ཆོས་དང་རིག་གཞུང་ཐོག་ལ་ཡིན་ན་རེད། དེ་དག་ཉར་ཚགས་བྱེད་ཡ་དེ་ཤེས་ཡོན་ལ་ཐུག་ཡོད། ཡང་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་ཡིན་ཡང་ཕྱོགས་གཉིས་ཀ་ནས་སྙོབ་ཐུབ་པ་ཞིག་དང་སླེབ་ཐུབ་པ་ཞིག་དགོས། དེ་ལ་ཤུགས་ཤིག་རྒྱག་མ་ཐུབ་པ་ཡིན་ན། ད་ཅི་ང་ཚོས་སྒང་ལ་སྐད་ཆ་བཤད་པ་ཚང་མ་ཁང་པ་ལྟ་བུར་མཚོན་ན་སྒང་གི་མཛེས་ཆ་རེད། རྨང་གཞི་དེ་ཤེས་ཡོན་རེད། བྱས་ཙང་ཤེས་ཡོན་ལ་ཐུག་དུས། ང་ཚོའི་སློབ་གྲྭ་ཁག་གི་ཕྲུ་གུ་ཚོ་ལ་སློབ་སྦྱོང་སྤྲོད་སྟངས་དེ་འགྱུར་བ་ཆེན་པོ་ཞིག་གཏོང་མ་ཐུབ་པ་ཡིན་ན་རེ་བ་མེད། ངས་ཡོངས་སུ་འགྱུར་བ་ལབས་ཀྱི་ཡོད། ད་ལྟ་ནང་བཞིན་འགྲོ་བསྡད་ན། ང་སློབ་གྲྭའི་ནང་ལོ་མང་པོ་བསྡད་ཚར་བ་རེད། ངས་སྐྱོན་དེ་མཐོང་གི་རེད། དེའི་འགྲོ་སྟངས་ཁོ་རང་རང་ཕྱིན་ནས་སློབ་གྲྭ་ཡོད་པའི་བཟོ་དང་སྒྲོམ་གཞི་ཡོད་པ་གང་ཞིག་ལ། ཟུངས་ཤུགས་ཁྱོན་ནས་མེད་པ་ཞིག་དང་། སློབ་སྦྱོང་སྤུས་དག་པོ་ཁྱོན་ནས་མེད་པ་ཆགས་ཡོད།སློབ་གྲྭ་ཐོན་པ་རེད། མཐོ་སློབ་ཐོན་པ་རེད་ཟེར་བ་མིང་ཙམ་ཞིག་མར་བགྲང་ཡ་དང་། བརྒྱ་ཆ་མར་བཏོན་ཡ་ཁོ་ནར་མགོ་འཁོར་ནས་བསྡད་པ་ཡིན་ན། ངས་ཏག་ཏག་ཁྱོན་ནས་སྡོད་ཀྱི་མ་རེད་སེམས། དེང་སང་གི་འཛམ་བུ་གླིང་ནང་ང་ཚོའི་སློབ་གྲྭ་དེ་དག་ཧང་སང་བའི་སྤུས་དག་པོ་ཞིག་དགོས། སློབ་སྦྱོང་ལ་དམིགས་བསལ་འགྲོ་སོང་གཏོང་དགོས་ཀྱི་རེད། ད་ལྟ་ང་ཚོས་ཕ་གིར་དགེ་རྒན་ཞིག་གླས་ནའང་མི་ཞིག་རག་ན་སློབ་ཐུབ་ཀྱི་ཡོད་པའི་བཟོ་འདྲ་བོ་བྱས་ནས་གླ་ཆ་དང་ཐུན་རྐྱེན་ཉུང་ཉུང་ཞིག་སྤྲོད་ཀྱི་ཡོད། དེ་བྱས་པ་ཡིན་ན། སློབ་སྦྱོང་སྤུས་དག་པོ་ཡོད་དགོས་དང་། སློབ་གྲྭ་ཁག་ནང་དགེ་རྒན་ཡག་པོ་དང་སྤུས་ཚད་དགོས་རེད་ཟེར་བའི་སྐད་ཆ་ཚང་མ་སྟོང་པ་རེད། གང་ཡིན་ཟེར་ན། ཕྱོགས་གཅིག་ནས་ང་ཚོས་མི་རུག་རུག་བཟོ་ཐུབ་ཀྱི་མེད། གཉིས་ནས་དགེ་རྒན་ཡོད་པ་རྣམས་ལ་གླ་ཆ་ཉུང་ཉུང་ཞིག་དང་མཐུན་རྐྱེན་ཆུང་ཆུང་ཞིག་སྤྲད་དེ་འཇོག་གི་ཡོད་པས། ཡོང་མཁན་དག་གི་ཁྲོད་ནས་སྤུས་དག་པ་ཡོང་གི་མ་རེད། བྱས་ཙང་ཤེས་ཡོན་ཐོག་ལ་་ཤུགས་རྒྱག་སྟངས་དེ་སྔོན་མ་༦༠དང་༧༠ལ་ཚ་ཚ་རུག་རུག་ཡོད་བསྡད་པའི་སྒང་ལ་མུ་མཐུད་རྩེག་པ་དང་བཟོ་ལྟ་བཟོ་ཐུབ་མ་སོང་སེམས་ཀྱི་ཡོད། སྔོན་མ་གང་ཡོད་པ་ད་ག་རང་ཕར་ཕྱིན་པ་དང་། མིང་གི་ཐོག་ནས་ཆ་ཚང་ཚང་བསྡད་པ་གང་ཞིག་ལ། སྤུས་ཚད་དང་ཟུངས་ཤུགས་ཐོག་ནས་མ་ཚང་བ་རེད། བྱས་ཙང་ང་ཚོ་སློབ་གྲྭ་ཐོན་ནས་མཐོ་སློབ་ཏུ་ཕྱིན་པ་ཡིན་ཡང་ཧང་སང་ཡ་གང་ཡང་མེད། ལག་ཁྱེར་གཅིག་ཡོད་གཉིས་ཡོད་ཞེ་བུ་ལབ་ཀྱང་ཧང་སང་ཡ་ཞེ་དྲག་མེད། གང་ཡིན་ཟེར་ན། སློབ་སྦྱོང་གཏིང་མ་དེ་ཡོང་གི་མི་འདུག དེ་འདྲའི་ཐོག་ནས་ངས་སྐྱོན་ཆེན་པོ་ལྷག་གི་འདུག་སྙམ་གྱི་ཡོད། དེའི་ཐོག་ལ་ང་ཚོའི་སློབ་གྲྭ་ཁག་ཆུང་ནས་ཆུང་དང་སྟོང་ནས་སྟོང་དུ་འགྲོ་ཡི་ཡོད། མི་སྐྱ་མེད་པ་དང་། ལས་བྱེད་མཁོ་སྒྲུབ་བྱེད་སྟངས་མང་པོ་ཞིག་འགྱུར་བ་མྱུར་པོ་གཏོང་དགོས་ཀྱི་ཡོད་རུང་ཏག་ཏག་བསྡད་ཀྱི་མི་འདུག སློབ་སྦྱོང་ཐོག་ལ་ཤུགས་ཤིག་རྒྱག་མ་ཐུབ་པ་ཡིན་ན། ང་ཚོ་ཕང་པོ་དཔེ་ཆགས་འགྲོ་ཡི་རེད། དཔེ་བཞག་ན། དེང་སང་སློབ་གྲྭའི་ནང་ལ་སློབ་སྦྱོང་སྤྲོད་སྟངས་དང་། སྤུས་ཚད་ཐོན་སྟངས་ཡོད་པ་དེ། ལྷན་ཁང་གཅིག་གི་འགན་རེད་ཟེར་ན་འགྲིག་གི་མ་རེད། དེ་ལ་ཕ་མའི་འགན་ཡོད་རེད། ལྷན་ཁང་ཨ་ཅང་ཅང་། འཛིན་སྐྱོང་དང་གཞུང་གིས་ཐོག་ནས་མར་གཟིགས་ཡ། གྲོས་ཚོགས་ཐོག་ནས་མར་གཟིགས་ཡ། ད་ག་ནང་བཞིན་རྐང་དེ་ཕ་མ་རེད། ཕ་མའི་ངོས་ནས་སོ་སོའི་ཕྲུ་གུར་སློབ་སྦྱོང་སྤུས་དག་པོ་སྤྲོད་ཡ་ལ་འགན་ཆེན་པོ་བཞེས་གནང་དགོས་རེད། ཁོར་ཡུག་སྐྲུན་དགོས་རེད། སློབ་སྦྱོང་ཐོག་ལ་ཧང་སང་བའི་གལ་ཆེན་པོ་མ་གནང་ཕྱིན། ཨི་ནི་ང་ཚོ་ཏག་ཏག་སྡོད་ཐུབ་ཀྱི་མ་རེད། ད་ཅིའི་སྐད་ཆ་མང་ཆེ་བ་སྟོང་པ་ཆགས་འགྲོ་ཡི་རེད། ངས་ཇིའུ་མི་རིགས་ལ་ཞེ་བུ་སྨོན་པའི་རྒྱུ་མཚན་གང་རེད་ཟེར་ན། ཁོ་ཚོར་དོན་དག་གཉིས་ཡོད། ནང་མི་ཞིག་ཡིན་ན། སློབ་སྦྱོང་དེ་ཨང་ཀི་དང་པོར་བརྩི་ཡི་རེད། ཁོ་ཚོས་སློབ་སྦྱོང་ཐོག་ལ་འགྲོ་སོང་གཏོང་གི་རེད། སློབ་སྦྱོང་ཐོག་ལ་ཤུགས་རྒྱག་གི་རེད། སློབ་སྦྱོང་གནད་འགག་ཆེ་ཤོས་བརྩི་ཡི་རེད། སྤྱིར་བཏང་ཇིའུ་མི་རིགས་ཁོ་ཚོ་ཚོང་ཐོག་ལ་དཔེ་གྱོང་པོ་དང་གྲུང་པོ་འདུག དེ་གཉིས་མཉམ་འབྲེལ་བྱེད་དུས། དངུལ་དེ་ཡོད་པ་དང་མཉམ་དུ་སློབ་སྦྱོང་དེ་ཡོང་བསྡད་ཀྱི་འདུག ཨ་རི་ལ་སློབ་སྦྱོང་དང་ལས་ཀ་བྱེད་དུ་ཕྱིན་ཚེ། གྲོགས་པོ་ཚོ་ལ་ཇིའུ་དེ་ཚོ་ག་འདྲ་གྱོང་པོ་ཆགས་ཡོད་མེད་སྐད་དྲིས་ན། ཁོ་ཚོས་རྒྱུ་མཚན་གཉིས་བགྲང་ཡོང་གི་འདུག ནང་མིས་སློབ་སྦྱོང་གལ་ཆེ་ཤོས་བརྩི་ཡི་ཡོད་རེད་ཟེར། ལག་འཁྱིར་གཅིག་སྒང་ལ་གཅིག་དང་། སློབ་སྦྱོང་བྱེད་པའི་ཚད་ལ་ཁོ་ཚོས་འགྲོ་སོང་བཏང་སྟེ་སོ་སོའི་བུའམ་བུ་མོ་ཡར་གཏོང་གི་འདུག དེ་ཁོ་ཚོས་ཞེ་བུ་བརྩི་ཡི་རེད་ཟེར། ང་ཚོ་བོད་པའི་མི་རིགས་འདི་མཉམ་དུ་འདུག་ཡ་མེད་པར་གང་སར་འཐོར་ཡོད། ཨ་རི་ལ་ངས་ངོ་ཤེས་པ་དང་གྲོགས་པོ། སྔོན་མ་ལས་བྱེད་གཅིག་པ་ཡིན་པ་ཚོའི་ཁྲོད་ནས་ཁྱད་པར་ཞེ་བུ་འདུག ཨ་རི་ལ་མི་ཆིག་སྟོང་ཕྱིན་པའི་ཁྲོད་ནས་ཁག་གཅིག་གིས་སོ་སོའི་བུ་ཕྲུག་ལ་སློབ་སྦྱོང་སྤྲོད་རྒྱུ་འཐུས་ཤོར་ཕྱིན་འདུག ཁག་ནི་ཁག་མི་འདུག སོ་སོའི་མི་ཚེ་སྐྱེལ་བའི་ཐོག་ལ་དངུལ་ཞིག་མགྱོགས་པོ་དགོས་ཀྱི་ཡོད། བྱས་ཙང་དངུལ་ཁོ་རང་གསོག་པའི་སྔངས་སྐྲག་དང་དཀའ་ངལ་དེའི་ནང་ཐིམ་ཕྱིན་ནས་སོ་སོའི་ཕྲུ་གུའི་སློབ་སྦྱོང་འཐུས་ཤོར་འགྲོ་ཡི་འདུག ཨི་ནི་ཕྲུ་གུ་སློབ་གྲྭ་ཏག་ཏག་མ་ཕྱིན་པ་དང་། ཕ་མས་དཀའ་ལས་བརྒྱབས་ནས་སྒོར་མོ་མང་པོ་ཞིག་གསོག་གི་ཡོད་ཀྱང་བར་དེར་ཕྲུ་གུ་ཤོར་ནས་འཕྲོ་བརླག་ཕྱིན་ཡོད། ཁོ་སློབ་གྲྭ་ཐོན་ཙམ་བྱེད་པ་དང་། དེ་ནས་ལས་ཀ་རག་ལ་མི་རག་ལ་ཁྱད་མཚར་བོ་ཆགས་བསྡད་ཀྱི་འདུག དེ་ཕང་པོ་ཞེ་བུ་རེད། གང་ཡིན་ཟེར་ན། མི་ཐོག་རྗེས་མ་དེ་ལ་ཐུག་ཡོད། ང་ཚོ་ཐོག་མར་ཆིག་སྟོང་འགྲོ་མཁན་ཕ་མ་དེ་དག་གིས་དཀའ་ལས་བརྒྱབས་པར་ཆ་བཞག ཁོ་ཚོའི་ཕྲུ་གུ་དེ་དག་དེའི་སྒང་གི་སྐས་འཛེགས་ལ་ཡར་འཛེགས་ཐུབ་པ་ཞིག་དགོས་རེད། ཁ་ཤས་དེ་འདྲ་མེད་པར་དཔེ་དཀའ་ལས་འཕྲད་ཀྱི་འདུག ཕ་མས་ལས་ཀ་གཉིས་གསུམ་བྱས་ཏེ་དཀའ་ལས་བརྒྱབས་ནས་དངུལ་བསགས་མོད། ཕྲུ་གུ་དེ་བར་དེར་འཐུས་ཤོར་ཕྱིན་ནས་སློབ་གྲྭ་ཏག་ཏག་མི་འཁྱོང་བ་དང་། ཕ་མ་ནང་བཞིན་ལས་ཀ་ཐབས་ཆག་ཅིག་བྱས་ནས་བསྡད་འདུག ཨི་ནི་སྐོར་བ་ཏག་ཏག་བརྒྱབས་བསྡད་ཡོད། ཆོ་བྱུང་མ་སོང་བ། ཡང་ཕ་མ་ཁ་ཆས་འདུག སོ་སོའི་ཕྲུ་གུའི་དོན་ལ་འགྲོ་སོང་བཏང་སྟེ་སྒེར་གྱི་སློབ་གྲྭ་རེད། ད་ག་ནང་བཞིན་སྦྱོང་བརྡར་བྱེད་ས་སྤུས་དག་པོ་གང་ལ་གཏོང་དགོས་ཀྱང་དཀའ་ལས་བརྒྱབས་ནས་གཏོང་གི་ཡིན་ཟེར་མཁན་ཡང་འདུག འོ་དེ་ངས་གལ་ཆེན་པོ་མཐོང་གི་ཡོད། ང་ཚོ་བོད་པ་གང་དུ་ཡོད་ཀྱང་། རྒྱ་གར་དུ་ཡོད་ན་རེད། འབྲུག་ལ་ཡོད་ན་རེད། ད་ག་ནང་བཞིན་ཕྱི་རྒྱལ་ལུང་པ་གང་དུ་ཡོད་ནའང་བོད་པ་ཡིན་པའི་ཆ་ནས་སློབ་སྦྱོང་སྤུས་དག་པོ་ཞིག་བྱེད་ཐུབ་པ་ཡིན་ན། སློབ་སྦྱོང་དེས་མི་ལྟ་རྒྱ་མཐོང་རྒྱ་བཟོ་ཡོང་གི་རེད། སློབ་སྦྱོང་ཡག་པོ་ཡོད་ན་སོ་སོའི་རྒྱལ་ཁབ་གལ་ཆེན་པོ་ཡིན་པ་དེ་མཐོང་གི་རེད། མི་རིགས་དེ་གལ་ཆེན་པོ་མཐོང་གི་རེད། སློབ་སྦྱོང་ཁྱོན་ནས་མེད་ན། སེམས་ཤུགས་བྱས་ནས་འོག་མ་གིར་རྩྭ་གཏུབས་ནས་བསྡད་ན། ཏག་ཏག་སྡོད་ཀྱི་མ་རེད། ཁོས་རྒྱལ་ཁབ་དང་མི་རིགས། རིག་གཞུང་གནད་འགག་མཐོང་གི་མ་རེད། སློབ་སྦྱོང་མེད་ཙང་གནད་འགག་མཐོང་གི་མ་རེད། ང་ཚོ་གཞིས་ཆགས་འདི་གར་དེ་འདྲ་འདུག སློབ་སྦྱོང་མེད་མཁན་གྱི་མི་ཚོ་ལ་སོ་སོའི་མི་རིགས་ཀྱི་ཞེན་ཁོག་ཞེ་དྲག་མི་འདུག ག་རེ་བྱས་ནས་ཡོད་མ་རེད་ཟེར་ན་ཁོས་དེ་མཐོང་གི་ཡོད་མ་རེད། སློབ་སྦྱོང་ཡོད་མཁན་དེ་གང་འཚམ་ཚད་མཐོན་པོ་སླེབ་དུས་གནད་འགག་དེ་ཤེས་འགྲོ་ཡི་རེད། སློབ་སྦྱོང་དེ་ང་ཚོ་བོད་གཞུང་གིས་བྱས་མི་འདུག་ཟེར་ལབས་ན་འགྲིག་གི་མ་རེད། ཡིན་ན་ཡང་སློབ་སྦྱོང་ལ་ཤུགས་རྒྱག་པའི་ནུས་ཤུགས་དེ་ཏག་ཏག་བསྡད་ཀྱི་མི་འདུག་སེམས་ཀྱི་ཡོད། ངས་འདང་གི་མི་འདུག་སེམས་ཀྱི་ཡོད། དེ་འདང་ཡ་ཞིག་མ་སྤྲད་པ་ཡིན་ན། ཨི་ནི་ང་ཚོས་ཕྱི་བ་བཟུང་བ་ནང་བཞིན་ལག་པ་ནས་ཤོར་ཚར་བ་རེད། དེ་ཡང་ང་རང་ཤེས་ཡོན་གྱི་སྡེ་ཞིག་ནང་མི་ཚེ་ཧྲིལ་བོ་བསྐྱལ་ཙང་དེའི་བསམ་བློ་ཤུགས་ཆེན་པོ་ཡོད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་དེ་ཕྱོགས་རིས་རེད། ཡང་ཕྱོགས་གཅིག་ནས་བསམ་བློ་བཏང་ན་གནད་འགག་ཡོད་པ་འདྲ་བོ་ཆགས་བསྡད་ཀྱི་འདུག འཛམ་བུ་གླིང་གི་གང་དུ་བལྟས་ཀྱང་ཤེས་ཡོན་གྱི་གནས་ཚད་ཡོད་པ་ཡིན་ན། ལུང་པ་ཁོ་རང་ཡག་པོ་ཆགས་ཀྱི་འདུག ཤེས་ཡོན་གནས་ཚད་མེད་ན་ལུང་པོ་ཞེ་དྲག་ཆགས་ཐུབ་ཀྱི་མི་འདུག ང་ཚོ་བོད་ཀྱང་ད་ག་རང་རེད། སྔོན་མ་ང་ཚོ་བོད་རང་བཙན་ཤོར་བའི་རྒྱུ་མཚན་དེ་རེད། སྒང་གི་དཔོན་རིགས་ཁག་ཁ་ཆས་སློབ་སྦྱོང་བྱས་པས་ཕན་ཐོགས་ཀྱི་མ་རེད། མི་དམངས་ལ་སློབ་སྦྱོང་དང་མཐོང་རྒྱ་ཐོས་རྒྱ་ཁྱོན་ནས་མེད་པ་དང་། གང་ཡང་མི་ཤེས་པར་བཞག་ཙང་། ང་ཚོའི་འཛམ་གླིང་མགོ་རྟིང་བསློགས་ཚར་བ་དང་ང་ཚོ་མགོ་རྟིང་ལོག་གཅིག་རེད། ཚར་བ་རེད། ཚང་མ་ཐོར་ཚར་བ་རེད། དེ་དཀའ་ངལ་རེད། སློབ་སྦྱོང་ཁྱོན་ནས་མེད་པ་དང་མི་མི་འདང་བར་ཧུབ་ཏུ་སྐྱབས་བཅོལ་ནང་ཡོང་དུས། གསུང་སྒྱུར་ཡག་པོ་ཞིག་ཀྱང་རག་གི་ཡོད་མ་རེད། སྔོན་མ་༧སྐྱབས་མགོན་རིན་པོ་ཆེའི་གསུང་སྒྱུར་ཐོག་མ་དེ་འབྲས་ལྗོངས་ཀྱི་མི་ཞིག་རེད། དེ་གང་ཡིན་ཟེར་ན་ང་ཚོ་ལ་མི་སྟོན་ཡ་མེད་པས་རེད། གནས་སྟངས་ཨ་ལོག་རྒྱག་དུས། སློབ་སྦྱོང་ཏག་ཏག་བསྡད་ཡོད་མ་རེད། བོད་ཤོར་བའི་རྒྱུ་མཚན་གཙོ་བོ་ངས་ནི་སློབ་སྦྱོང་མེད་པས་རང་རེད་སེམས་ཀྱི་འདུག སྔོན་མ་སྐུ་ཕྲེང་བཅུ་གསུམ་པས་བོད་ནང་སློབ་གྲྭ་འཛུགས་པའི་འཆར་གཞི་སྒྲིག་གནང་བ་རེད། དེ་དག་ཏག་ཏག་ལམ་འགྲོ་རྒྱུགས་ཤིང་། ཨིན་ཡུལ་ལ་བོད་པའི་གཞོན་གཞོན་མང་ཙམ་ཕར་བཏང་ཡོད་ན་ཨང། སྤྱི་ལོ༡༩༡༠དང་༢༠། ༣༠མར་བང་བསྒྲིགས་ནས་དེད་དང་གང་ཡང་བྱུང་མེད། དེ་ཚང་མ་ལམ་འགྲོ་མ་རྒྱུགས་པ་ཤར་སྟག་བྱུང་ཡོད། སློབ་གྲྭ་འགོ་བཙུགས། སྒོ་བརྒྱབས་ནས་གང་ལ་གཏོང་ཐུབ་མེད། མི་གྲུང་པ་ཁ་ཤས་ཤིག་དང་། སྐུ་དྲག་དང་ད་ག་ནང་བཞིན་ཚོང་པ་ཁ་ཆས་ཤིག་གིས་སོ་སོའི་ཕྲུ་གུ་རྒྱ་གར་ལ་སློབ་སྦྱོང་གཏོང་ཡ་བྱུང་བ་རེད། བྱུང་བ་དེ་དག་གཞུག་ཏུ་དཔེ་ཕན་ཐོགས་ཡོད། ང་ཚོ་བོད་གཞུང་ལ་ཕན་ཐོགས་ཡོད། ཡིན་ཡང་ཉུང་ཉུང་སྦར་ར་གང་མ་གཏོགས་མེད། དེ་གྱོང་ཆེན་པོ་རག་པ་རེད། ཨི་ནི་ད་ལྟ་ཡིན་ན་ད་ག་རང་རེད། སློབ་སྦྱོང་ཡག་པོ་ཞིག་སྤྲད་ན། རྗེས་མ་ང་ཚོ་བོད་མི་རིགས་ཀྱི་སྐད་ཆ་དེ་མུ་མཐུད་་གནས་ཀྱི་རེད། སློབ་སྦྱོང་མེད་མཁན་ཤར་སྟག་ཡིན་ན། བོད་མི་རིགས་ཀྱི་སྒང་ལ་བསམ་བློ་གཏོང་ཐུབ་མཁན་ཞེ་དྲག་ཡོང་གི་མ་རེད། གནས་སྟངས་ཁོ་རང་ཐོག་ནས་ཁག་པོ་ཆགས་ངེས། ང་ཚོ་ག་དུས་ཡིན་ན་རེད། སོ་སོའི་གནས་སྟངས་སྐྱོ་བོ་ཞེ་བུ་ཞིག་གི་སྒང་སྡོད་དུས། རྒྱ་ཆེ་ས་བསམ་བློ་འཁོར་གྱི་མ་རེད། རྐང་དེ་རེད། དེ་ལ་ཤུགས་ད་དུང་ངས་འདང་གི་མི་འདུག་སེམས་ཀྱི་ཡོད། མཛུབ་གུ་འཛུགས་ས་ཡོད་མ་རེད། ཤེས་རིག་ལྷན་ཁང་རང་ལ་མཛུབ་གུ་བཙུགས་ན་མི་འགྲིག གྲོས་ཚོགས་ལ་མཛུབ་གུ་བཙུགས་ན་མི་འགྲིག ཡིན་ན་ཡང་ང་ཚོ་ཚང་མ་ཕྱོགས་གང་ས་ནས་ནོར་ཡོད། ཤེས་ཡོན་གྱི་སྒྲོམ་གཞི་དེ་ངས་ནི་ཡག་པོ་ཁྱོན་ནས་མཐོང་གི་ཡོད་མ་རེད། ད་རུང་སྐྱོ་རུ་འགྲོ་ཡི་འདུག དཔེ་སྐྱོ་རུ་འགྲོ་ཡི་འདུག དཔེར་ན། ང་རང་ཉིད་ཀྱི་ཉམས་མྱོང་དངོས་ཀྱི་ཐོག་ན་བཤད་ན། ཏཱ་ལའི་བླ་མའི་མཐོ་སློབ་ཏུ་འཛིན་སྐྱོང་དང་སློབ་ཁྲིད་བྱེད་པའི་སྐབས། དེར་འཛུལ་མཁན་གྱི་སློབ་མ་ཚོས་ལག་ཁྱེར་དང་ཨང་ཀི་མཐོན་པོ་ཁྱེར་ནས་ཡོང་གི་འདུག་ཀྱང་། གནས་ཚད་ངོ་མ་དེ་སྐྱོ་བོ་ཞེ་དྲག་ཡིན་པ་ཤེས་སོང་། དེའི་ཐོག་ནས་སེམས་འཚབ་དེ་འདྲ་ཡོང་གི་འདུག། ད་ང་རང་གཉིས་ད་གར་འཇོག་དགོས། སྐད་ཆ་མང་ཐག་ཆོད་བཤད་སོང་།།
དཔྱད་མཆན་འགོད་ས།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེངས་དགོས།
མཆན་གསར་ཤོས།
- ཡག་པོ་བྲིས་འདུག ང་བཟི་ན་འདོད་ཟེར་བའི་རྩོམ་དེ་ནི་ཚོར་བ་དངོས་བྲིས་ལྟ་བུ་ཞིག་འདུག … རྩོམ་པ་པོ། : རྐ་སྲས། on Sat 15 Jan 2022 རང་ཐར་གྱི་སྙན་ངག་བདམས་བཀོད། (སྙན་ངག)
- རྩོམ་རྩལ་ལ་གསོན་ཉམས་ལྡན་པས། ངས་ཀྱང་ཁྱོད་ཀྱི་ཚོར་བ་སྐྱུར་མོ་དེ་མྱོང་ཐུབ་སོང་།… རྩོམ་པ་པོ། : གསེར་ལྗོངས་སྐལ་བཟང་། on Wed 12 Jan 2022 “གསོག་སྒར་སློབ་གྲྭའི”སློབ་གྲོགས་རྣམ་པ། ཁྱོད་ཚོ་བདེ་པོ་ཨེ་ཡིན། (སྣ་ཚོགས།)
མཆན་མང་ཤོས།
-
བརྩམས་སྒྲུང་"བྱ་དེ་ཁྲུང་ཁྲུང་དཀར་པོ། གཤོག་རྩལ་ང་ལ་གཡོར་དང་།"ཞེས་པའི་བཀླགས་བྱང་།
བརྩམས་སྒྲུང་གི་རྒྱབ་ཤའི་པར། (བཀླགས་བྱང་འདི་དེ་སྔོན་ཕྱི་ལོ་ ༢༠༡༧…Written on Thu 03 Dec 2020 in སྣ་ཚོགས། 1 བསམ་ཚུལ། ཤོག་ངོས་འདི་ཐེངས་ 1241 ལ་བཀླགས་འདུག
ཀློག་གྲངས་མང་ཤོས།
-
ངོ་མི་ཤེས་པའི་བུད་མེད་ཅིག་གི་ལས་དབང་།
(སྒྲུང་ཐུང་འདི་གདང་ལ་རི་བོ་དུས་དེབ་ཐོག་ཏུ་བཀོད་ཡོད།) “འདི་ཚོ་ཨ་ཧ་ངར་བ་རེད་ཡ།”…Written on Sat 09 Jan 2021 in བརྩམས་སྒྲུང་། 1 བསམ་ཚུལ། ཤོག་ངོས་འདི་ཐེངས་ 1291 ལ་བཀླགས་འདུག
ཐོག་མར་ཁྱེད་ངའི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ། འདི་ནི་ངས་རང་གིས་དཀའ་བ་བརྒྱ་དང་བརྩོན་པ་སྟོང་སྤྱད་དེ་བྲིས་པའི་རྩོམ་ཡིག་རྣམས་ཉར་ཚགས་བྱེད་ས་དང་། རང་ཉིད་ཀྱི་རྩོམ་རྩལ་སྦྱོང་བརྡར་བྱེད་སའི་སྡེངས་ཆ་ལ་གཙོ་བོར་དམིགས་ནས་བཟོས་པ་ཞིག་ཡིན། འདིར་བརྩམས་སྒྲུང་དང་། སྙན་ངག སྒྱུར་རྩོམ། ཉིན་ཐོ། ལྗོངས་རྒྱུའི་ཟིན་ཐོ། བཅར་འདྲི། སྣ་ཚོགས། པར་རིས་བཅས་སྡེ་ཚན་བརྒྱད་ཡོད་ལ། རྩོམ་ཡིག་རྣམས་སོ་སོའི་སྡེ་ཚན་དུ་བཀོད་དེ་ལྟ་ཀློག་བདེ་བར་བཟོས་ཡོད། ཡག་མིན་ལ་མ་ལྟོས་པར་འདིར་བཀོད་པའི་པར་རིས་དང་ཚིག་འབྲུ་རེ་རེ་ནི་ངའི་ལུས་སེམས་ཀྱི་ངལ་རྩོལ་ལས་གྲུབ་པའི་འབྲས་བུ་རེ་རེ་ཡིན་པས། ཆོག་མཆན་མེད་པར་གང་བྱུང་བཤུ་བ་དང་བཀོལ་སྤྱོད་བྱེད་མི་ཆོག མཐར་ཀློག་སྤྲོ།