-
མདུན་ངོས།
-
བརྩམས་སྒྲུང་།
- ལས་འབྲས།
གྲོང་ཚོ་ཆུང་ཆུང་ཞིག་ན་དབུལ་ཞིང་ཕོངས་པའི་མི་ཞིག་ཡོད། ཁོའི་ཨ་མ་རྒན་མོ་ཞར་བ་ཡིན་པའི་ཁར་ཆུང་མ་ལ་ཕྲུ་གུ་སྐྱེ་བའི་ནུས་པ་མ་མཆིས། ཁོས་སོ་སོའི་ཁྱིམ་ཚང་ཁ་གསོ་བའི་ཆེད་དུ་ཉིན་ལྟར་གྲོང་ཚོའི་ཉེ་འགྲམ་དུ་ཆགས་པའི་མཚོ་མོ་ཆུང་ཆུང་དེར་ཕྱིན་ནས་ཉ་འཛིན་གྱི་ཡོད། ཉིན་ཞིག་ལ་ཁོས་ཉ་ཆུང་གཟུགས་དབྱིབས་ཡ་མཚན་ཆེ་བ་ཞིག་བཟུང་།
ཁོས་སྐར་ཆ་འགའ་ཤས་རིང་ལ་ཡ་མཚན་ཆེ་བའི་ཉ་ཆུང་དེར་ཅེར་རྗེས། གོག་ཧྲུལ་དུ་སོང་བའི་སྨྱུག་གཟེབ་ནང་བླུག་གྲབས་བྱེད་སྐབས། ཉ་ཆུང་དེས་ཁ་གྲགས་བྱུང་བས་ཁོ་རང་ཧ་ལས་ཧང་སང་བར་གྱུར། "སྐུ་མཁྱེན། སྙིང་རྗེ་བསྒོམས་ནས་ང་མ་འཁྱེར་རོགས། ང་རང་ཆུང་དྲགས་པས་ཁྱོད་ཀྱིས་ཟོས་ཀྱང་མི་རྒྱགས།" ཉ་ཆུང་གིས་དེ་ལྟར་ཞུ་བ་བྱས། ཁོ་ལ་རང་ཉིད་ཀྱི་སེམས་རྒྱུད་ན་ཡོད་པའང་མ་རྟོགས་པའི་བྱམས་བརྩེའི་བློ་ཤུགས་དྲག་ཅིག་སྐྱེས་པས། ཐང་སྟེང་དུ་བཞགས་པའི་སྨྱུག་གཟེབ་དེ་བླངས་ནས་མཚོ་མོའི་ཆུ་ཡིས་ཁོའི་པུས་མོ་བར་བལྟབས་པའི་གོས་ཐུང་མ་ནུབས་ཙམ་དུ་ཕྱིན་ཞིང་། སྨྱུག་གཟེབ་བར་ཡར་བར་སྣང་དུ་བཀྱགས་ཏེ་ཁ་སྦུབ་ཏུ་བསྒྱུར། ཡ་མཚན་ཅན་གྱི་ཉ་ཆུང་གིས་གཙོས་པའི་ཉ་ཐམས་ཅད་མར་ཆུ་ནང་དུ་ལྷུང་བ་དང་། སྐད་ཅིག་དེ་ཉིད་ལ་མཚོ་མོའི་གཏིང་རིམ་དུ་ཐིམ་ནས་མི་སྣང་བར་གྱུར།
དེ་དགོང་ཁོ་རང་སྨྱག་གཟེབ་སྟོང་པ་དེ་ཁྱེར་ནས་ནང་དུ་ལོག་ཅིང་། ཨ་མ་དང་ཆུང་མའི་གྲོད་ཁོག་སྟོང་པར་ལུས། ཕྱི་ཉིན་གྱི་སྐྱ་རེངས་དང་ལྷན་དུ་དབུལ་ཞིང་ཕོངས་པའི་ཁྱིམ་ཚང་དེར་རྒྱུན་ལྡན་གྱི་དཀའ་ཁག་ཆེ་བའི་ཉིན་མ་ཞིག་སླེབས་བྱུང་། དུས་རྒྱུན་ལྟར་རྟ་བདུན་དབང་པོ་ཤར་ཕྱོགས་ནས་ཤར་བྱུང་ལ་ཁོ་ཚང་དབུལ་ཞིང་ཕོངས།
ཁོ་ལ་མཚོ་འགྲམ་དུ་ཕྱིན་ནས་ཉ་འཛིན་རྒྱུ་ལས་གདམ་ག་གཞན་ཅི་ཡང་མེད། དེ་བས་ཁོ་རང་མཚོ་ངོགས་སུ་འབྱོར་ཞིང་ན་ཟུག་ཆེན་པོ་ཞིག་དང་མཉམ་དུ་ལྕགས་ཀྱུ་མཚོ་མོའི་ཆུ་ནང་དུ་གཡུགས་དུས། ཡ་མཚན་ཅན་གྱི་ཉ་ཆུང་དེ་ཁོའི་ཕྱོགས་སུ་བརྐྱལ་ནས་ཐོན་བྱུང་།
“ང་ནི་མཚོ་མོ་འདིའི་ཀླུའི་རྒྱལ་པོའི་སྲས་ཆུང་ཡིན། ཁ་སང་ཁྱེད་ཀྱིས་ང་དང་ངའི་མི་སེར་མང་པོ་ཞིག་ཚེ་ཐར་བཏང་བས། ཁྱེད་རང་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན། དེ་རིང་ངས་ཁྱེད་ཀྱི་སྨོན་ལམ་མམ་རེ་བ་གཅིག་འགྲུབ་པར་བྱས་ནས་ཁ་སང་དེའི་དྲིན་ལན་འཇལ་འདོད། ད་ནི་ཁྱེད་ཀྱིས་རེ་བ་གང་ཞིག་འགྲུབ་པར་བྱ་དགོས་གསུང་རོགས།" ཉ་ཆུང་གིས་དེ་ལྟར་བཤད་པས། དབུལ་ཞིང་ཕོངས་པའི་མི་དེ་རེ་ཞིག་ཅི་ཞིག་བྱེད་དགོས་དང་བསམ་དགོས་ཀྱང་མ་ཤེས་པར་ལྷག “བུ་ཞིག་ཡོད་ན་སྙམ་པ་དེ་ནི་ངུའི་དུས་རྟག་གི་རེ་བ་ཡིན” ཁོས་ཐོག་མར་དེ་ལྟར་བསམས་ཀྱང་། དེ་ནས་ཁོས་བརྩེ་བའི་ཨ་མའི་མིག་གིས་མི་མཐོང་བ་དྲན། དེའི་རྗེས་"ཉིན་རེ་རེའི་ཟ་མ་ལ་སེམས་ཁྲལ་བྱེད་མི་དགོས་པའི་ཕྱུག་པོ་ཞིག་ཆགས་རྒྱུ་དེའང་ངའི་རེ་བ་ཡིན"སྙམ་པ་དེ་སྐྱེས་པ་དང་། དེ་དང་ལྷན་དུ་རེ་སྨོན་གཞན་མང་པོ་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་བྱུང་བར་བརྟེན་ཁོས་ཇི་ལྟར་ཐག་གཅོད་བྱེད་དགོས་མི་ཤེས་པར་གྱུར། ཁོ་ལ་མཚོན་ན་རེ་སྨོན་དེ་དག་གཅིག་ལས་གཅིག་གལ་ཆེ་བ་རྐྱང་རྐྱང་རེད།
"ཁྱེད་ཀྱིས་ང་ལ་ཞག་གཅིག་བསམ་མནོ་གཏོང་རྒྱུར་སྟེར་ན་ཆོག་གམ། ང་ལ་རེ་སྨོན་མང་དྲགས་པས་གང་ཞིག་འདེམས་དགོས་ཤེས་ཀྱི་མི་འདུག" ཁོས་དེ་ལྟར་བརྗོད་པར། ཉ་ཆུང་གིས་འགྲིག་གི་རེད་ཟེར་ནས་ཞག་གཅིག་བྱིན།
དེ་དགོང་ཁོ་རང་སླར་ཡང་སྨྱུག་གཟེབ་སྟོང་བ་དེ་ཁྱེར་ནས་ནང་དུ་ལོག ཨ་མ་དང་ཆུང་མ་གཉིས་ཀྱིས་ཅིའི་ཕྱིར་དེ་ལྟར་སྨྱུག་གཟེབ་སྟོང་བ་ཁྱེར་ནས་ལོག་འོངས་ཟེར་ཡང་། ཁོས་མཚོ་ནང་དུ་ཉ་མི་འདུག་ཅེས་འགྲེལ་བཤད་སྟབས་བདེ་ཞིག་གིས་འཐུས་པར་བྱས། ཁོའི་ཁྱིམ་མི་རྣམས་དེ་དགོང་ཡང་ལྟོགས་པར་ཉལ་དགོས་ཐུག
ཁོས་མཚན་གང་བོར་ཁོའི་རེ་སྨོན་ནང་གི་ཆེས་གལ་ཆེ་ཤོས་དེ་གང་ཡིན་བསམ་བློ་བཏང་རུང་ཐག་གཅོད་གཏན་ནས་བྱེད་མ་ཐུབ། ཁོ་ལ་བུ་ཞིག་འདོད་ལ། ཨ་མའི་མིག་གིས་མཐོང་ཐུབ་ན་བསམས། ཕྱུག་པོ་ཆགས་ནའང་འདོད་ཡོད། འདི་དག་གཅིག་ལས་གཅིག་གལ་ཆེ་བ་ཡིན་པས། ཁོས་གཏན་ནས་འདེམས་ཐག་མི་ཆོད། ཕྱི་ཉིན་ཞོགས་པའི་སྐྱ་རེངས་དང་པོ་ཤར་དུས། ཁོ་རང་མཚན་གང་བོར་བསམ་བློ་བཏང་བར་བརྟེན་དཀའ་ལས་ཁག་ནས་གཉིད་དུ་ཡུར་བ་དང་། ཉི་མ་མ་ཤར་གོང་གི་གཉིད་ཐུན་ཐུང་ངུ་དེའི་ནང་རྨི་ལམ་ཞིག་རྨིས།
ཁོའི་རྨི་ལམ་ནང་དུ། གྱོན་ཆས་དཀར་པོ་བཀླུབས་པའི་མི་ཞིག་ནམ་མཁའ་ནས་མར་བབས་ཏེ་འདི་ལྟར་གསུངས། “ང་ནི་བྱམས་བརྩེའི་ལྷ་ཡི་ཕོ་ཉ་ཡིན། ཁྱོད་ཀྱིས་ཁ་སང་བྱམས་བརྩེའི་དབང་གིས་ཉ་ཚོགས་ཚེ་ཐར་བཏང་བའི་བྱ་སྤྱོད་དེར་བྱམས་བརྩེའི་ལྷ་ཆེན་ཐུགས་མཉེས་པོ་བྱུང་ནས་ཁྱོད་ཀྱི་རེ་སྨོན་དང་དང་འབྲེལ་བའི་བསླབ་བྱ་ཞིག་བསྐུར་བྱུང་།” ལྷའི་ཕོ་ཉས་དེ་ལྟར་བཤད་དེ་ཁོའི་རྣ་བར་ཤུབ་ཤུབ་ཅིག་སྨྲས་རྗེས་འཇའ་ཡལ་བ་བཞིན་མེད་པར་གྱུར།
དབུལ་ཞིང་ཕོངས་པའི་མི་དེ་གཉིད་ལས་སད་མ་ཐག ཨ་མ་དང་ཆུང་མར་ཡང་སྐད་ཆ་མ་བྱས་པར་ངོ་གདོང་འཛུམ་གྱིས་གང་ནས་ཤར་རེར་མཚོ་མོའི་ཕྱོགས་སུ་ཕྱིན། ཁོའི་རེ་ལྟོས་ལྟར་ཡ་མཚན་ཆེ་བའི་ཉ་ཆུང་དེས་ཁོ་རང་བསྒུགས་ནས་བསྡད་འདུག “ངས་རེ་སྨོན་བདམས་ཚར་བ་ཡིན།” ཁོ་འཁྲིས་སུ་འབྱོར་མ་ཐག་སྤྲོ་སེམས་ཆེན་པོས་སྨྲས་པ་དང་། “ཨ་མས་ཁོ་མོའི་ཚ་བོས་གསེར་གྱི་ཕོར་པ་ཆེན་པོ་ཞིག་གི་ནང་དུ་འོ་མ་འཐུང་བཞིན་པ་མཐོང་རྒྱུ་དེ་ངའི་རེ་སྨོན་ཆེ་ཤོས་དེ་ཡིན།”ཞེས་མུ་མཐུད་དོ། །
༢༠༡༤/༤/༨ ཉིན་བསྒྱུར།
(སྒྲུང་ཐུང་འདི་ནི་ངས་ལོ་བརྒྱད་ཙམ་གྱི་སྔོན་དུ་ཐོག་མར་དབྱིན་ཡིག་ནང་བྲིས་ཤིང་དེ་ནས་བོད་ཡིག་རུ་བསྒྱུར་བ་ཞིག་ཡིན། སྒྲུང་འདིའི་སྲོག་ཤིང་གི་ཐད་ནས་བཤད་ན། ངས་གཞན་གྱི་ངག་ནས་ཆུང་མ་བུ་འཁོར་བའི་ནུས་པ་བྲལ་བ་ཞིག་དང་ཨ་མ་ཞར་བ་ལྡན་པའི་སྤྲང་པོ་ཞིག་ལ་སུ་ཞིག་གིས་(ད་ལྟ་སུ་ཞིག་ཡིན་པ་དྲན་མི་ཐུབ།)རེ་སྨོན་གཅིག་རང་སྐོང་ཆོག་ཅེས་སྨྲས་པར། ཁོས་"ཨ་མས་སོ་སོའི་ཚ་བོས་གསེར་གྱི་ཕོར་པའི་ནང་འོ་མ་འཐུང་བཞིན་པ་ཞིག་མཐོང་རྒྱུ་དེ་ངའི་རེ་སྨོན་ཡིན་"ཞེས་བཤད་པའི་དགོད་བྲོ་བའི་གཏམ་ཞིག་ཐོས་རྗེས། དེ་གཏམ་རྒྱུད་དུ་བསྒྱུར་བ་ཡིན།)
དཔྱད་མཆན་འགོད་ས།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེངས་དགོས།
མཆན་གསར་ཤོས།
- ཡག་པོ་བྲིས་འདུག ང་བཟི་ན་འདོད་ཟེར་བའི་རྩོམ་དེ་ནི་ཚོར་བ་དངོས་བྲིས་ལྟ་བུ་ཞིག་འདུག … རྩོམ་པ་པོ། : རྐ་སྲས། on Sat 15 Jan 2022 རང་ཐར་གྱི་སྙན་ངག་བདམས་བཀོད། (སྙན་ངག)
- རྩོམ་རྩལ་ལ་གསོན་ཉམས་ལྡན་པས། ངས་ཀྱང་ཁྱོད་ཀྱི་ཚོར་བ་སྐྱུར་མོ་དེ་མྱོང་ཐུབ་སོང་།… རྩོམ་པ་པོ། : གསེར་ལྗོངས་སྐལ་བཟང་། on Wed 12 Jan 2022 “གསོག་སྒར་སློབ་གྲྭའི”སློབ་གྲོགས་རྣམ་པ། ཁྱོད་ཚོ་བདེ་པོ་ཨེ་ཡིན། (སྣ་ཚོགས།)
མཆན་མང་ཤོས།
-
བརྩམས་སྒྲུང་"བྱ་དེ་ཁྲུང་ཁྲུང་དཀར་པོ། གཤོག་རྩལ་ང་ལ་གཡོར་དང་།"ཞེས་པའི་བཀླགས་བྱང་།
བརྩམས་སྒྲུང་གི་རྒྱབ་ཤའི་པར། (བཀླགས་བྱང་འདི་དེ་སྔོན་ཕྱི་ལོ་ ༢༠༡༧…Written on Thu 03 Dec 2020 in སྣ་ཚོགས། 1 བསམ་ཚུལ། ཤོག་ངོས་འདི་ཐེངས་ 1241 ལ་བཀླགས་འདུག
ཀློག་གྲངས་མང་ཤོས།
-
ངོ་མི་ཤེས་པའི་བུད་མེད་ཅིག་གི་ལས་དབང་།
(སྒྲུང་ཐུང་འདི་གདང་ལ་རི་བོ་དུས་དེབ་ཐོག་ཏུ་བཀོད་ཡོད།) “འདི་ཚོ་ཨ་ཧ་ངར་བ་རེད་ཡ།”…Written on Sat 09 Jan 2021 in བརྩམས་སྒྲུང་། 1 བསམ་ཚུལ། ཤོག་ངོས་འདི་ཐེངས་ 1291 ལ་བཀླགས་འདུག
ཐོག་མར་ཁྱེད་ངའི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ། འདི་ནི་ངས་རང་གིས་དཀའ་བ་བརྒྱ་དང་བརྩོན་པ་སྟོང་སྤྱད་དེ་བྲིས་པའི་རྩོམ་ཡིག་རྣམས་ཉར་ཚགས་བྱེད་ས་དང་། རང་ཉིད་ཀྱི་རྩོམ་རྩལ་སྦྱོང་བརྡར་བྱེད་སའི་སྡེངས་ཆ་ལ་གཙོ་བོར་དམིགས་ནས་བཟོས་པ་ཞིག་ཡིན། འདིར་བརྩམས་སྒྲུང་དང་། སྙན་ངག སྒྱུར་རྩོམ། ཉིན་ཐོ། ལྗོངས་རྒྱུའི་ཟིན་ཐོ། བཅར་འདྲི། སྣ་ཚོགས། པར་རིས་བཅས་སྡེ་ཚན་བརྒྱད་ཡོད་ལ། རྩོམ་ཡིག་རྣམས་སོ་སོའི་སྡེ་ཚན་དུ་བཀོད་དེ་ལྟ་ཀློག་བདེ་བར་བཟོས་ཡོད། ཡག་མིན་ལ་མ་ལྟོས་པར་འདིར་བཀོད་པའི་པར་རིས་དང་ཚིག་འབྲུ་རེ་རེ་ནི་ངའི་ལུས་སེམས་ཀྱི་ངལ་རྩོལ་ལས་གྲུབ་པའི་འབྲས་བུ་རེ་རེ་ཡིན་པས། ཆོག་མཆན་མེད་པར་གང་བྱུང་བཤུ་བ་དང་བཀོལ་སྤྱོད་བྱེད་མི་ཆོག མཐར་ཀློག་སྤྲོ།